ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཨ་རིའི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་ལས་དོན་ཚན་པའི་ Bureau of East Asian and Pacific Affairs དྲུང་ཆེ་ལས་རོགས་ཌེ་ཝི་ཌི་སི་ཊིལ་ཝེལ་ David Stilwell ལགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་དོན་ཆེད་བདེན་དཔང་གནང་བའི་སྐབས་གསུང་དོན། བོད་ནང་རྒྱ་ནག་དམར་ཤོག་གཞུང་གིས་གྲྭ་བཙུན་སྟོང་ཕྲག་མང་པོ་དགོན་པ་ནས་ཕྱིར་འབུད་བཏང་བ་དང་། དེ་བཞིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐོག་ལའང་ཐེ་བྱུས་བྱེད་བཞིན་ཡོད་པར་བརྟེན། ང་ཚོ་ངོས་ནས་བོད་མི་ཚོར་གཞན་གྱི་ཐེ་བྱུས་མེད་པར། རང་དབང་སྒོ་ནས་རང་གི་ཆོས་ཉམས་ལེན་བྱ་རྒྱུ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་རྒྱུའི་བདག་དབང་བོད་མི་ནང་པ་ཁོ་ནར་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། ལྷག་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་གསུངས། །