ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་ལྷན་ནས་སྲི་ཞུ་བ་སྡེ་འགན་དང་། ལས་དོ་བཅས་ལ་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༦ ནས་ཚེས་ ༢༥ བར་ཉིན་གྲངས་བཅུའི་རིང་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་འདུག
དེ་ཡང་གོང་ཚེས་མཇུག་སྡོམ་མཛད་སྒོར་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་སི་པི་བརྨ་ C.P. Verma ལགས་དང་། ཟབ་སྦྱོང་འགན་འཛིན་སྐུ་ཞབས་པྲ་ཝེཤ་ཤརྨ་ Shri Parvesh Sharma ལགས། དེ་བཞིན་ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་བཅས་མཉམ་ཞུགས་ཀྱིས་ཐོག་མར་དྲུང་ཆེས་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་གྱིས་གཙོས་ཟབ་སྦྱོང་འགན་འཛིན་དང་། ཟབ་ཁྲིད་པ། འབྲེལ་ཡོད་ལས་བྱེད་རྣམས་ལ་ཟབ་སྦྱོང་དེ་བཞིན་ལམ་ལྷོངས་ལྡན་པ་དང་ཚགས་ཚུད་པོ་ཡོང་སླད་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཟབ་སྦྱོང་དུ་ཕེབས་པའི་སྲི་ཞུ་བ་རྣམས་ནས་ཀྱང་སྦྱོང་བརྡར་བསྟི་གནས་ཁང་དུ་གང་ཤེས་པ་རྣམས་ཉིན་རེའི་ལས་དོན་ཐོག་གང་ཐུབ་ལག་བསྟར་དོན་འཁྱོལ་ཡོང་ཐབས་གནང་དགོས་སྐོར་སོགས་གསུངས།
དེ་ནས་སྲི་ཞུ་བ་བསྟན་འཛིན་དཔལ་འབྱོར་ལགས་ཀྱིས་ཧིན་སྐད་ཐོག་ནས་ཐུགས་རྗེ་ཆེ་ཞུས་རྗེས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ཕྱག་འཁྱེར་གནང་སྟེ་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་འདུག ཟབ་སྦྱོང་ནང་སྲི་ཞུ་བ་སྐྱེས་པ་གྲངས་ ༡༩ དང་། སྐུ་སྐྱེས་མ་གྲངས་ ༥ བཅས་ཁྱོན་མི་གྲངས་ ༢༤ ཡོད་པ་བཅས།