༢༠༡༩ ཟླ་ ༩ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇེག་ཤི་རག་Jacques Chirac མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་ཁོང་གི་སྐུ་ཟླ་ Madame Bernadette Chirac མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། དམ་པ་ཁོང་དེ་སྔ་པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་པར་བསྐོ་གཞག་གནང་སྐབས་ནས་བཟུང་ངོས་དང་ངོ་ཤེས་ཡིན། ངོས་ཀྱིས་དམ་པ་ཁོང་བོད་མིར་སེམས་ཐག་ཉེ་བའི་གྲོགས་པོའི་གྲས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཕྱིས་སུ་དམ་པ་ཁོང་ཕ་རན་སིའི་ཡུལ་གྱི་སྲིད་འཛིན་གནང་ཡུན་རིང་འཇར་མན་ཡུལ་དང་མཛའ་འབྲེལ་རྒྱུན་སྐྱོང་གནང་བར་ངོས་ཀྱིས་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་ཡུལ་གཉིས་པོའི་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་ལ་བརྟེན་ནས་ཡུ་རོབ་སྤྱི་མཐུན་གྱི་སྒྲིག་འཛུགས་སྲ་བརྟན་ལ་ཕན་ཐོགས་ཧ་ཅང་བྱུང་ཡོད། སྒྲིག་འཛུགས་དེ་ལྟ་བུ་ཞིག་ཨ་ཕི་རི་ཀ་དང་ལྷོ་ཨ་མེ་རི་ཀ། ཨེ་ཤི་ཡ་བཅས་སུའང་འཛུགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད། དམ་པ་ཁོང་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་སྲ་བརྟན་ལ་ཞབས་འདེགས་རྒྱ་ཆེ་ཞུས་པ་དེ་དག་ཀུན་གྱིས་ཡི་རངས་དང་གུས་འདུད་ཞུ་རྒྱུ་ཡིན་ངེས། ཞེས་འཁོད་འདུག །
གསུང་འཕྲིན་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་གནང་རོགས།