ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༦ རེས་གཟའ་ཕུར་བུ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་གྲོང་ཁྱེར་བཅོམ་བརླག་བཅས་སུ་རླབས་ཆེན་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་གྲོང་ཁྱེར་ཨམ་རིཊ་སར་ Amritsar ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་མང་ཚོགས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་དྲི་བཟང་བདུག་སྤོས་སོགས་ཐོགས་ནས་གུས་བསུ་ཞལ་མཇལ་ཞུས་པ་དང་། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་འཆར་ལྟར་ན། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་པ་བཅས། །