ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་
དེ་ཡང་མགོན་པོ་མཆོག་ཁུལ་དེར་༸ཞབས་སོར་འཁོད་བསྟུན། སློབ་གྲྭའི་སློབ་སྤྱི་དང་འགན་འཛིན་Arun Bharat Ram ལགས་ཀྱིས་གཙོས་འབྲེལ་ཡོད་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག སྐབས་དེར་སྡིངས་ཆེའི་ཉེ་འགྲམ་དུ་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་གིས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་གྲུབ་མཚམས་སྡིངས་ཆེའི་སྟེང་༸ཞབས་སོར་འཁོད་རྗེས་བཀའ་སློབ་སྩལ་དོན།
བརྩེ་ལྡན་སྤུན་མཆེད་ཕོ་མོ་རྒན་གཞོན་རྣམ་པར་འཚམས་འདྲི་ཡོད། ངོས་རང་འདིར་ཁྱེད་ཚོ་དང་ཐུག་པར་དགའ་སྤོབས་བྱུང་། འདིར་ངོས་ཀྱིས་གཙོས་རྒན་པ་ཁག་གཅིག་དུས་རབས་ཉི་ཤུ་པའི་མི་རབས་རེད། གཞོན་སྐྱེས་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ཆགས་ཡོད། འདས་ཟིན་པར་བསྐྱར་བཟོ་བྱ་རྒྱུ་གང་ཡང་མེད། འདས་པའི་བྱུང་བ་ལས་ང་ཚོས་ཉམས་མྱོང་ལེན་ཆོག མ་འོངས་པ་ཟེར་བ་དེ་གཞི་ནས་སླེབ་རྒྱུ་ཡིན་སྟབས་མ་འོངས་པ་བདེ་སྡུག་བཟང་ངན་ཇི་འདྲ་ཞིག་བཟོ་མིན་ང་ཚོའི་ལག་ཏུ་ཡོད། འདིར་ཁྱེད་ཚོ་གཞོན་སྐྱེས་རྣམ་པ་དུས་རབས་ ༢༡ མི་རབས་ཆགས་ཡོད། དུས་རབས་ ༢༡ ནང་ནས་ད་ཆ་ཕྱི་ལོ་ ༢༠༡༩ ཡིན། ལོ་ལྷག་མ་རྣམས་ད་ལྟ་འབྱུང་འགྱུར་རེད། དེར་བརྟེན་གཞོན་སྐྱེས་ཁྱེད་ཚོས་འབད་བརྩོན་བྱས་པ་ཡིན་ན་འཛམ་གླིང་སྔར་བས་བདེ་སྐྱིད་ལྡན་པ་ཞིག་དང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ།
ད་ལྟའི་ཆར་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གིས་མཚོན་རང་བྱུང་གོད་ཆག་རིགས་ལ་ང་ཚོས་བྱ་ཐབས་གང་ཡང་མེད། དེ་ལས་གཞན་པའི་དཀའ་ངལ་མང་པོ་ཞིག་མིས་ཆེད་མངགས་བཟོ་བཞིན་ཡོད། ཚན་རིག་པས་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེའི་རང་བཞིན་ཡིན་པ་བརྟག་དཔྱད་ལམ་ནས་ར་སྤྲོད་བྱས་ཡོད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་སྟབས། རང་གི་བདེ་སྡུག་དེ་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་བརྟེན་དགོས་པ་རེད། ལྷག་པར་འཛམ་གླིང་ཤར་ནུབ་ཀྱི་བདེ་སྡུག་དེ་ཕན་ཚུན་ལྟོས་དགོས་པ་རེད། མི་འབོར་དང་འཕྲུལ་ཆས་གང་གི་ཆ་ནས་ད་ཆ་ང་ཚོ་དང་ཁོ་པ་ཚོ། ང་ཚོའི་རྒྱལ་ཁབ་དང་ཁོ་པ་ཚོའི་རྒྱལ་ཁབ་ཟེར་བའི་བསམ་བློ་དེ་དུས་ཚོད་ཡོལ་ཟིན་པ་རེད། གང་ལྟར་ང་ཚོས་ད་དུང་ཁྱེད་ཚོ་དང་ང་ཚོ་ཟེར་ནས་དབྱེ་འབྱེད་ཀྱི་འདུ་ཤེས་མུ་མཐུད་འཛིན་ནས་བསྡད་པ་ཡིན་ན། འཁྲུག་རྩོད་དང་མཐའ་ན་དམག་འཁྲུག་ཤོར་ནས་མི་གསོད་ཁྲག་སྦྱོར་རིགས་ཡོང་གི་ཡོད། དཔེར་ན་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བྱུང་ཡོད། འཛམ་གླིང་དམག་ཆེན་གསུམ་པ་བྱུང་མེད། དེ་ནི་གཙོ་བོ་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལྟ་བུ་བཙུགས་ནས་ཚོགས་མིའི་རྒྱལ་ཁབ་ཕན་ཚུན་དབར་དམག་འཁྲུག་སོགས་གང་ཡང་བྱུང་མེད། དེར་བརྟེན་མི་གསོད་ཁྲག་སྦྱོར་ཡང་བྱུང་མེད། གལ་ཏེ་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེ་མེད་ཚེ་ཕལ་ཆེར་ཡུ་རོབ་རྒྱལ་ཁབ་ཕན་ཚུན་དབར་དམག་འཁྲུག་འོག་མི་གསོད་ཁྲག་སྦྱོར་བྱུང་ཡོད་སྲིད། དེ་སྔ་དུས་རབས་ ༢༠ མཇུག་ཏུ་ཕ་རན་སི་དང་འཇར་མན་གཉིས་དགྲ་གཙོ་བོ་རེད།
འོན་ཀྱང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གཙོ་བོ་འཇར་མན་སྲིད་འཛིན་ཨར་ཌི་ནར་ Adenauer མཆོག་དང་། ཕ་རན་སིའི་སྲིད་འཛིན་ཅལ་སི་ཌི་གྷོལ་ Charles de Gaulle མཆོག་རྣམ་གཉིས་ཀྱིས་དངོས་ཡོད་གནས་སྟངས་གཞིར་བཟུང་ཐུགས་ཁུར་རྐྱང་བཞེས་ཐོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་རིམ་བཞིན་གསར་འཛུགས་ཐུབ་པ་བྱུང་ཡོད། སྒྲིག་འཛུགས་དེ་ལྟ་བུ་ཞིག་ད་ཆ་ལྷོ་ཨ་མེ་རི་ཀ་དང་ཨ་ཕི་རི་ཀའི་གླིང་ཆེན། དེ་བཞིན་ཨེ་ཤི་ཡའི་ནང་དགོས་གལ་ཧ་ཅང་འདུག རྒྱ་གར་ལྟ་བུར་མཚོན་ན་འཛམ་གླིང་ནང་རྒྱ་ནག་རྗེས་ལ་མི་འབོར་མང་ཤོས་ཡིན། མི་འབོར་ཐེར་འབུམ་ལྷག་ཡོད། རྒྱ་གར་ཤར་ལྷོ་ནུབ་བྱང་ལ་མཚོན་ན་སྐད་ཡིག་དང་རིག་གཞུང་མི་འདྲ་བ་རེད། འོན་ཀྱང་ཚང་མ་རྒྱ་གར་གོང་བུ་གཅིག་གི་ཆ་ཤས་ནང་བག་ཕེབས་ངང་གནས་ཡོད། དེ་ནི་དངོས་ཡོད་གནས་སྟངས་དང་འཚམ་པའི་འགྲོ་སྟངས་ཤིག་ཡིན། ད་ཆ་ཁྱེད་ཚོ་གཞོན་སྐྱེས་ཚོས་འཛམ་གླིང་ནང་གི་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གནད་འགག་ཆེན་པོ་རེད། ཆོས་དང་རིག་གཞུང་། སྐད་ཡིག ལུང་ཚན། རིགས་རུས་སོགས་མི་འདྲ་བ་ཡོང་ཆོག དེ་ཚོའི་གྲས་སྒེར་གྱི་གནད་དོན་རེད། འོན་ཀྱང་ང་ཚོས་ཐུན་མོང་གི་བསམ་བློ་དེ་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་ཡིན་བསམ་པའི་འདུ་ཤེས་འཛིན་དགོས།
ཕྱོགས་མཚུངས་ང་ཚོ་འཚོ་བར་རང་བྱུང་ཁོར་ཡུག་ལ་བརྟེན་དགོས་པ་ཡིན་སྟབས་ཁོར་ཡུག་སྲུང་སྐྱོབ་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད། ཚན་རིག་པས་འབྱུང་འགྱུར་ཁོར་ཡུག་དང་འབྲེལ་བའི་དཀའ་ངལ་ཧ་ཅང་འཕྲད་རྒྱུ་ཡིན་པ་རྗོད་བཞིན་ཡོད། དེར་བརྟེན་ང་ཚོས་ཐུན་མོང་ཐོག་ཁོར་ཡུག་གི་དཀའ་ངལ་རྣམས་ཟློག་ཐབས་བྱེད་དགོས། འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་ལུས་པོའི་གྲུབ་སྟངས་དང་སེམས་ཚོར། འདུ་ཤེས་འཛིན་སྟངས་གང་གི་ཆ་ནས་འགྲོ་བ་མི་གཅིག་གྱུར་ཡིན། གནམ་གཤིས་འགྱུར་ལྡོག་ལ་མཚོན་ན་དེ་སྔ་ཕྱི་ལོ་ ༡༩༦༠ ལོར་ངོས་རང་མ་སུ་རི་ནས་རྡ་སར་གནས་སྤོ་བྱས་པ་རེད། ལོ་དེའི་དགུན་དུས་དེར་ཁ་བ་ཧ་ཅང་བབས་པ་རེད། ང་ཚོས་གངས་ནང་རྩེད་མོ་ཧ་ཅང་རྩེད་པ་ཡིན། དེ་ནས་རིམ་བཞིན་ཁ་བ་ཉུང་དུ་འགྲོ་བཞིན་ཡོད། བོད་ལ་མཚོན་ནའང་དེ་མཚུངས་རེད། མི་རབས་རྒན་པ་ཚོས་དེ་སྔ་ཡིན་ན་ལྷ་སའི་ཉེ་འགྲམ་རི་རྒྱུད་དེ་དག་ཐོག་ཁ་བ་ཧ་ཅང་ཡོད་ཀྱང་ད་ཆ་གངས་ཉུང་དུ་འགྲོ་བཞིན་ཡོད་པ་རྗོད་ཀྱི་འདུག མཐར་འཐུང་ཆུ་སོགས་ཀྱི་དཀའ་ངལ་འཕྲད་ཉེན་ཡོད། ང་ཚོས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཐོག་སེམས་ཁུར་བླང་དགོས། གནད་དོན་འདི་ངོས་ཀྱི་ལས་འགན་གཅིག་རེད།
ཆོས་ལུགས་མཐུན་སྒྲིལ་ལ་མཚོན་ན་རྒྱ་གར་འདི་ནི་མིག་དཔེ་འོས་པ་ཞིག་ཡིན། ཡུལ་འདིར་ལོ་ངོ་ཉིས་སྟོང་གོང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་ཡོད། ཡུལ་འདིར་ལོ་ངོ་གསུམ་སྟོང་བཞི་སྟོང་གོང་ཐོག་མ་གྲངས་ཅན་པའི་ཆོས་ལུགས་དར་བ་རེད། དེ་ནས་རིམ་བཞིན་རྒྱལ་བ་པ་ Jain སོགས་དར་ཁྱབ་བྱུང་ཡོད། དེ་ནས་ནང་ཆོས་དར་བ་རེད། ཡེ་ཤུ་དང་ཁ་ཆེ་སོགས་ཕྱི་ནས་རིམ་བཞིན་དར་ཡོད། རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་ལ་མཚོན་ན་ཧིན་དུ་དང་ཁ་ཆེ་ས་ཡ་མང་པོ་ཡོད། དེ་མཚུངས་ཡེ་ཤུ་དང་ནང་པ་སོགས་ཡོད་ཀྱང་པར་སི་ Parsi མཆོད་པ་འབུམ་གཅིག་ཙམ་ལས་མེད་པ་དེ་དག་འཇིགས་སྣང་སོགས་རྩ་བ་ནས་མེད་པར་ཞི་བདེ་བག་ཕེབས་ངང་རང་གི་ཆོས་བྱས་ནས་འཚོ་སྡོད་བྱེད་བཞིན་ཡོད། རྒྱ་གར་ཟེར་ན་འདི་འདྲ་ཞིག་ལ་ཟེར། འཛམ་གླིང་སྤྱིའི་མིག་དཔེར་འོས་པ་ཞིག་ཆགས་ཡོད།
ད་ཆ་གནད་དོན་དེ་དག་ཧ་ཅང་གནད་འགག་ཆེན་པོ་འདུག གང་ཡིན་བརྗོད་ན་དེང་སྐབས་ཆོས་མིང་འོག་ནས་འཐེན་འཁྱེར་ཧ་ཅང་ཡོང་བཞིན་པ་ནི་དཔེར་ན། ཁ་ཆེའི་ཆོས་ནང་ཁུལ་ཡིན་ནའང་སུན་ནི་ Sunni དང་ཤི་ཡ་ Shia ཟེར་ནས་འཐེན་འཁྱེར་ཧ་ཅང་བྱེད་བཞིན་འདུག དཔེར་ན་ཨབ་གྷ་ནི་སི་ཐན་དང་སི་རི་ཡ་ལྟ་བུར་མཚོན་ན་ཆོས་ལུགས་ནང་ཁུལ་འཐེན་འཁྱེར་འོག་མི་གསོད་ཁྲག་སྦྱོར་གྱི་ལས་ཚབས་ཆེ་སྤེལ་བཞིན་འདུག དེང་སྐབས་ཨི་རན་ Iran ལྟ་བུ་ཤི་ཡ་རྗེས་འབྲང་པ་དང་སོ་དི་ཨ་རབ་ལྟ་བུ་ Saudi Arabia སུ་ནི་རྗེས་འབྲང་པའི་དབར། སྤྱིར་རྒྱལ་ཁབ་ཕན་ཚུན་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་མི་མཐུན་པ་ཡོད་ཀྱང་། དེའི་ཁར་ཆོས་ལུགས་ནང་ཁུལ་མི་འདྲ་བ་ཕྲན་བུ་ཡོད་པ་དེས་དཀའ་ངལ་འཕར་མ་བཟོ་བཞིན་པ་ལྟ་བུ་འདུག ཆོས་ལུགས་མཐུན་སྒྲིལ་གོང་མཐོང་གཏོང་རྒྱུ་ངོས་ཀྱི་ལས་འགན་གཅིག་ཆགས་ཡོད།ངོས་ཀྱིས་ནང་ཆོས་ཡག་ཤོས་རེད། ཅེས་བརྗོད་ཤེས་ཐབས་མེད། དཔེར་ན་སྨན་དང་འདྲ་བ་རེད། སྨན་གཅིག་ཁྱེར་ནས་འདི་ཆོག་རེད་ཅེས་བརྗོད་ཤེས་ཐབས་མེད། ནད་པའི་ནད་ལ་བསྟུན་ནས་སྨན་ཡག་ཤོས་འདི་རེད་ཅེས་བརྗོད་ཆོག དེ་མཚུངས་མི་སོ་སོའི་ཁམས་དང་མོས་པ་སོགས་ལ་བསྟུན་ནས་ཆོས་ལུགས་འདི་ཡག་ཤོས་རེད་ཅེས་བརྗོད་ཆོག ཆོས་ལུགས་ཕན་ཚུན་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་གཞི་རྩའི་གཞན་ལ་བྱམས་བརྩེ་བྱེད་དགོས་པའི་བསླབ་བྱ་གཅིག་གྱུར་རེད། ལྟ་གྲུབ་མི་འདྲ་བ་ཟེར་བ་དེ་དག་དགོས་མཁོ་ཡོད་པ་ཞིག་རེད། མིའི་ཁམས་དང་མོས་པ། དེ་བཞིན་རིག་གཞུང་མི་འདྲ་བ་ཡོད་པར་བརྟེན་ལྟ་གྲུབ་མི་འདྲ་བ་ཡོང་ཆོག དཔེར་ན་ནང་པ་སངས་རྒྱས་པའི་ནང་དུའང་ལྟ་གྲུབ་མི་འདྲ་བ་ཡོད། ལྷག་པར་དཔལ་ནཱ་ལེནྡྲ་ནས་དར་བའི་ནང་པའི་རིག་གཞུང་ལའང་གྲུབ་མཐའ་མི་འདྲ་བ་བཞི་ཡོད། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་བ་བཅས་ཡོད། སྡེ་ཚན་བཞི་པོ་སོ་སོར་ཡང་ནང་གསེས་དབྱེ་བ་ཡོད། དཀོན་མཆོག་གསུམ་ལ་སྐྱབས་སོ་འགྲོ་མཁན་གཅིག་པ་རེད། འོན་ཀྱང་མིའི་ཁམས་དང་བསམ་པ་སོགས་མི་འདྲ་བ་ལ་བརྟེན་ནས་ལྟ་གྲུབ་མི་འདྲ་བ་བྱུང་བ་རེད། འདི་དཔེ་མཚོན་ཞིག་རེད།
དེ་མཚུངས་ཁ་ཆེ་དང་ཡེ་ཤུའི་ནང་དུའང་དེ་ལྟར་ཡོང་ཆོག་པ་ཞིག་དང་དགོས་མཁོ་ཡོད་པ་ཞིག་ཀྱང་རེད། ཁ་ཆེ་ལ་མཚོན་ན་སུན་ནི་དང་ཤི་ཡ། ཡེ་ཤུའི་ནང་གསེས་རྣམ་དག་ Catholic དང་གསར་མའི་ Protestant ཆོས་ལུགས་སོགས་ཡོད། གཞི་རྩའི་ཆ་ནས་ཆོས་ལུགས་ཚང་མས་བྱམས་བརྩེའི་ཉམས་ལེན་སྐོར་གཅིག་གྱུར་གསུང་བཞིན་ཡོད་སྟབས་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་རེད། རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ནས་ཆོས་ལུགས་མཐུན་སྒྲིལ་ཉམས་བཞེས་ཡོད་སྟབས་ད་ཆ་འཛམ་གླིང་ཕྱི་ལ་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཡིན་པའི་མིག་དཔེ་སྟོན་ཐུབ་པ་དགོས།
ལྟ་གྲུབ་ཐོག་ནས་ཆོས་ལུགས་ཕན་ཚུན་མི་འདྲ་བ་དེ་མིའི་ཁམས་དང་མོས་པ། བག་ལ་ཉལ་བ་སོགས་ལ་བརྟེན་ནས་ཡོང་གི་ཡོད། ཆོས་ལུགས་ཁག་གཅིག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱང་ནང་པ་དང་གཅེར་བུ་པས་མི་འདོད། གྲངས་ཅན་པའི་ནང་དུའང་གྲངས་ཅན་ལྷར་བཅས་ལྷ་མེད་གཉིས་ཡོད། སྟོན་པ་ཤཱཀྱ་ཐུབ་པས་བདག་ཉིད་བདག་གི་མགོན་ཡིན་པ་གསུངས་ཡོད། འགན་ཡོངས་རྫོགས་ང་ཚོ་གང་ཟག་སོ་སོར་གནང་ཡོད།
འཛམ་གླིང་ནང་ཆོས་ཁས་མི་ལེན་མཁན་མི་འབོར་ཐེར་འབུམ་གཅིག་ཙམ་ཡོད། དེ་དག་ལ་རྒྱ་གར་གྱི་རིས་མེད་ཀྱི་ལྟ་གྲུབ་ཐོག་ནས་ཕན་ཐོགས་ཡོང་ཐུབས། འཚེ་མེད་ཞི་བ་དོན་དམ་ཞིག་དགོས་ན་ཐོག་མར་ཀུན་སློང་ཐོག་ནས་ཡོང་དགོས། རྒྱ་གར་ལ་མཚོན་ན་ལོ་ངོ་སྟོང་གི་རིང་ནས་ཞི་གནས་དང་ལྷག་མཐོང་གི་ཉམས་བཞེས་ཡོད། དཔྱད་འཇོག་གི་ཉམས་ལེན་ལ་བརྟེན་ཆོས་གང་དང་གང་ཡིན་ཡང་དེར་ལམ་སང་ཁས་ལེན་མ་བྱས་པར་རྒྱུ་མཚན་ཇི་ཡིན་རིག་པས་དཔྱད་པ་བྱ་རྒྱུའི་ལམ་སྲོལ་ཞིག་ཡོད། སྟོན་པ་རང་ཉིད་ནས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་གཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་རྟགས་ལ་ང་ཡི་བཀའ། བླང་བར་བྱ་ཡིས་གུས་ཕྱིར་མིན། ཞེས་གསུངས་ཡོད། དེར་བརྟེན་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཚོས་ཀྱང་སྟོན་པའི་བཀའ་ལ་དཔྱད་པ་བྱས་ནས་ཕེབས་པ་རེད།
རྒྱ་གར་ནང་གི་དེང་དུས་ཤེས་ཡོན་དེ་གཙོ་ཆེར་དེ་སྔ་ཨིན་ཇིའི་སྐབས་ནས་གཏན་འབེབས་བྱས་པ་ཞིག་རེད། གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཁོ་ནར་དམིགས་པའི་ཤེས་ཡོན་ལམ་ལུགས་ཤིག་ཆགས་ཡོད། དེང་དུས་ཤེས་ཡོན་ལམ་ལུགས་འོག་ཚར་ལོངས་བྱུང་བའི་མི་དེར་སེམས་ནང་དཀའ་ངལ་ཤུགས་ཆེན་པོ་འཕྲད་སྐབས་དེར་བསམ་བློའི་ཐོག་ནས་གདོང་ལེན་བྱ་རྒྱུའི་ཐབས་ལམ་དེ་ཙམ་མེད། ལམ་སང་བཟི་སྨན་སྤྱོད་པ་སོགས་བྱས་པ་མ་ཟད། མཐར་འུ་ཐུག་ཚེ་རང་ཤི་རྒྱག་རྒྱུ་སོགས་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་གར་སྲོལ་རྒྱུན་གྱི་སེམས་ཁམས་རིག་པ་དང་འབྲེལ་བའི་ལྟ་གྲུབ་ཉམས་བཞེས་བྱེད་མཁན་ཞིག་ཡིན་ཚེ་སེམས་ནང་ཆགས་སྡང་གི་བློ་ཤུགས་ཆེན་པོ་སྐྱེ་སྐབས་དེར་གཉེན་པོ་བསྟེན་སྟངས་ཤེས་ཀྱི་ཡོད།
དེ་ལ་བརྟེན་ནས་དཀའ་ངལ་འཕྲད་སྐབས་བསམ་བློའི་ཐོག་ནས་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་ཐུབ་ཀྱི་ཡོད། རིག་གནས་དེ་དག་རྒྱ་གར་སྲོལ་རྒྱུན་གྱི་རིག་གནས་ཤིག་རེད། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་དེ་དག་ཧ་ལས་པ་རེད། འོན་ཀྱང་རྒྱ་གར་གནའ་རབས་སྲོལ་རྒྱུན་གྱི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་གིས་སེམས་ནང་ཞི་བདེ་སྐྲུན་གྱི་ཡོད། གནའ་དེང་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་མཁན་དེ་རྒྱ་གར་གཅིག་པུ་རེད། དེར་བརྟེན་ཁྱེད་ཚོས་དེའི་ཐོག་ཤུགས་རྒྱག་རོགས། ངོས་ཀྱིས་དེང་སྐབས་རིག་གནས་དེ་དག་རྒྱ་གར་ནང་སླར་གསོ་ཡོང་ཐབས་བྱེད་བཞིན་ཡོད། སྐབས་རེ་ངོས་ཀྱི་རྒྱ་གར་གྲོགས་པོ་ཚོར་རྩེད་མོ་དང་སྦྲགས། ངོས་ཀྱི་ལུས་པོ་འདི་རྒྱ་གར་བ་མ་རེད། འོན་ཀྱང་བསམ་བློའི་ཐོག་ནས་འདིར་ཕེབས་པའི་ནུབ་ཕྱོགས་ཤེས་ཡོན་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བ་ཚོ་ལས་ང་རང་རྒྱ་གར་བ་གཤའ་མ་ཞིག་ཆགས་ཡོད། ཅེས་བརྗོད་ཀྱི་ཡོད། ༼ཞལ་ཤོབ་མཛད།༽ ངོས་སྒེར་གྱི་མི་ཚེའི་ཉམས་མྱོང་ཐོག་ནས་བརྗོད་ཀྱང་དཀའ་ངལ་འཕྲད་སྐབས་བསམ་བློ་བག་ཕེབས་གནས་ཐུབ་པར་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་སོགས་ཀྱིས་ཕན་ཐོགས་ཧ་ཅང་བྱུང་། ཞེས་བཀའ་སློབ་སྩལ་རྗེས་དྲི་བར་བཀའ་ལན་མཛད། །