ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་དགུང་གྲངས་ ༦༩ ལ་ཕེབས་པའི་འཁྲུངས་སྐར་ཉིན་དང་བསྟུན་འཚམས་འདྲི་མཛད་དོན། “ངོས་རང་ཡུན་རིང་ནས་རྒྱ་གར་གྱི་མགྲོན་པོ་ཞིག་དང་། རྒྱ་གར་འཕགས་ཡུལ་འདི་ཉིད་ལ་དོན་དམ་གྱི་མཛའ་བརྩེའི་བསམ་པ་ཡོད་སྟབས། གདེང་སྤོབས་དང་བཅས་རྒྱལ་ཁབ་ཡར་རྒྱས་ཀྱི་ཕྱོགས་སུ་འཁྲིད་བཞིན་པར་འཚམ་འདྲི་ཞུ། རྒྱ་གར་ལམ་ལྷོངས་བྱུང་ན་རྒྱ་གར་བ་ཙམ་ལ་ཁེ་ཕན་ཐོབ་རྒྱུ་མིན་པར་འཛམ་གླིང་སྤྱིའི་ཡར་རྒྱས་ལའང་ཞབས་འདེགས་བསྒྲུབ་ཐུབ།
དེ་སྔ་ངོས་ཀྱིས་སྐུ་ཉིད་ལ་བརྗོད་པ་ལྟར། རྒྱ་གར་གཞོན་སྐྱེས་ཁྲོད་རྒྱ་གར་གནའ་རབས་ཀྱི་རིག་གནས་བསྐྱར་གསོའི་ལས་དོན་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་ནི་སྙིང་སྟོབས་འཕེལ་གཞིར་གྱུར། རིག་གནས་དེ་དག་ཤར་ཕྱོགས་སུ་ཉི་མ་ལྟར་དར་འཕེལ་བྱུང་ཡོད། སྙིང་རྗེར་གཞི་བཅོལ་བའི་རྒྱ་གར་གནའ་རབས་ཀྱི་འཚེ་མེད་ཞི་བའི་ལྟ་སྤྱོད་དེེ་དག་དེང་སྐབས་འཛམ་གླིང་ནང་འབྲེལ་བ་ཡོད་པ་ཙམ་མ་ཟད། དགོས་མཁོ་ཧ་ཅང་ཡོད།
འཚེ་མེད་ཞི་བའི་ལྟ་གྲུབ་དང་། སྙིང་རྗེའི་ཉམས་ལེན་ཁར་ཞི་གནས་དང་ལྷག་མཐོང་ཞེས་རྒྱ་གར་གནའ་རབས་སེམས་ཁམས་རིག་པའི་རྣམ་གཞག་ཡོད། དེ་དག་གིས་བློའི་རྣམ་གཞག་དང་བྱེད་ལས་སྐོར་འགྲེལ་བཤད་རྒྱག་ཐུབ། ལྷག་པར་རྒྱ་གར་སྲོལ་རྒྱུན་གྱི་རིག་གནས་དེ་དག་དཔལ་ནཱ་ལེནྡྲའི་བཞེད་སྲོལ་ལྟར་ཚད་མ་རིག་པ་དང་། གཏན་ཚིགས་རིག་པའི་ཐོག་ནས་འགྲེལ་བཤད་བརྒྱག་རྒྱུ་ཡོད་སྟབས། དེང་དུས་ཤེས་ཡོན་ལམ་ལུགས་ནང་རིག་གནས་དེ་དག་འཇོག་ཆོག་པ་ཞིག་ཡིན། དེས་འགྲོ་བ་མི་རིགས་ཀུན་ལ་ཕན་ཐོགས་ཡོང་ཐུབ།
ངོས་རང་རྒྱ་གར་གྱི་བང་ཆེན་ཞིག་ཡིན་བསམ་པ་དྲན་བཞིན་ཡོད། དེར་བརྟེན་ངོས་རང་འཛམ་གླིང་ས་ཕྱོགས་གཞན་དང་གཞན་དུ་མི་སུ་དང་ཐུག་སྐབས། རྒྱ་གར་ནི་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་། ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་བྱེད་ཡུལ་རྒྱལ་ཁབ་ཁོ་ན་དེ་ཡིན་པ་བསྔགས་བརྗོད་ཞུ་བཞིན་ཡོད། སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་གྱི་དཔེ་མཚོན་གཙོ་བོར་འཛིན་བཞིན་ཡོད། མངའ་སྡེ་ཡིན་ནའང་འདྲ། རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སུའང་འཚེ་བ་མེད་པའི་ལྟ་སྤྱོད་ཉམས་ལེན་གནང་བཞིན་པ་ནི་ཀུན་གྱིས་མཐོང་ཆོས་ཡིན། བོད་མི་བཙན་བྱོལ་བ་ཚོར་མཚོན་ན་རྒྱ་གར་འཕགས་ཡུལ་འདི་ཉིད་ང་ཚོའི་ཆོས་ཕྱོགས་ཀྱི་སྐྱབས་ཡུལ་ཙམ་མ་རེད། འདས་པའི་མི་ལོ་དྲུག་ཅུ་ལྷག་རིང་བོད་མི་བཙན་བྱོལ་བ་རྣམས་ཀྱི་འཚོ་གནས་ཤིག་ཀྱང་ཆགས་ཡོད། ངོས་ཀྱིས་སླར་ཡང་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།” ཞེས་འཁོད་འདུག །
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་ཕབ་བསྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་གནང་རོགས།