ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད། ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། སྤྱི་མཐུན་མཉམ་འབྲེལ། སྨན་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་སྟོད་ཆུ་བཞི་སྒང་དྲུག ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་བརྟན་བཞུགས་བསྟར་འབུལ་ཆོག་པ་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྤྱི་བོར་བསོད་ནཇམས་ཀྱི་དཔལ་དུ་ཐོབ་པ་བཞིན། བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༧ ཚེས་ ༡༡ ནས་ ༡༥ བར་དང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ ནས་ ༡༣ བར་ཉིན་གྲངས་ལྔའི་རིང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་སྨིན་གྲོལ་གླིང་དང་། རྣམ་རྒྱལ་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། ཀི་རྟི་བྱེས་པ་གྲྭ་ཚང་བཅས་ཀྱི་ཆོག་གྲྭ་དང་། རྡོ་རྫོང་བྱང་ཆུབ་ལྗོངས་དང་། བསྙེན་མཚམས་པ་ཁག་གཅིག་བཅས་དགེ་འདུན་པ་ཞལ་གྲངས་ ༡༥༡ སྐོར་ནས་སྐུ་ཚེ་ཚེ་སྒྲུབ་སྔོན་དུ་བཏང་སྟེ། བོད་ཟླ་ ༧ ཚེས་ ༡༥ ཉིན་ཏེ་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་། ཚོགས་མཆོད་འབུལ་གཤོམས་ཐོག་མགོན་པོ་གང་ཉིད་མཆོག་ལ་སྨིན་གླིང་གཏེར་བདག་གླིང་པའི་གཏེར་ཆོས་ཀྱི་ནང་ནས་ཚེ་སྒྲུབ་ཡང་སྙིང་ཀུན་བསྡུས་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོག་གྲྭ་འདུས་ཚོགས་ནས་སྐུའི་ཚེ་སྒྲུབ་གསུང་ཆོག་གནང་གྲུབ་མཚམས་ཆུ་ཚོད་ ༨།༣༠ ཙམ་ལ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཕེབས་བསུ་བ་རྣམས་ནས་བསྟར་སྒྲིག་ཞུས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རོལ་ཆ་འབུལ་བཞིན་པར། ༸རྒྱལ་བའི་ཕོ་བྲང་གི་གཞུང་སྒོ་ནས་འཐུས་མི་རྣམས་ནས་སྤོས་སྣེ་དང་། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་གྱིས་སྔུན་བསུས་ཏེ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག འཛི་སྒར་རིན་པོ་ཆེ་མཆོག ས་སྐྱ་གདོང་ཚང་ཞབས་དྲུང་རིན་པོ་ཆེ་མཆོག སྨན་རི་དཔོན་སློབ་རིན་པོ་ཆེ་མཆོག སྨིན་གླིང་མཁོ་ཁྱིམ་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བའི་དབུས་སུ་དབུ་བཞུགས་རྡོ་རྗེ་སློབ་དཔོན་གྱིས་མཇལ་དར་རྐྱང་འབུལ་ཞུས་རྗེས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་སོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་གསུང་མུར། གསོལ་ཇ་འབྲས་སིལ་རིམ་བཞིན་འདེགས་འབུལ་ཞུས།
ཐོག་མར་ཁྲུས་གསོལ་དང་། མཆོད་པ་བྱིན་རླབས། རིགས་ལྔའི་མཁའ་འགྲོ་བསྐྱོད་དེ་གར་སྟབས་དང་བཅས་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད། ཞལ་འདོན་ཚིག་བསྟུན་གྱིས་དབུ་མཆོག་གིས་དར་སྣེ་གཅོད་འབྲེག་གནང་རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་མ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་གཤེགས།
བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། ཅེས་སོགས་ཀྱིས་ཚེ་འགུགས་དང་། དབུ་བཞུགས་སློབ་དཔོན་མཆོག་སྐུ་བཞེངས་ཀྱིས་ཚེ་མདའ་འབུལ། བུམ་པ། ཚེ་ཆང། ཚེ་འབྲང་། ཚེ་རིལ། ཚེ་ཆང་། ཚེ་མདའ། བཞུགས་གདན་རྡོ་རྗེ་རྒྱ་གྲམ་རྣམས་ཚིག་བསྟུན་གྱིས་འབུལ་ལམ་ཞུས། དེ་ནས་གསོལ་འདེབས་མཎྜལ་རྒྱས་པའི་སྐབས། དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་གིས་མཎྜལ་ཚོམ་བུ་འདེགས་འབུལ་དང་འཐུས་མི་རྣམས་ནས་ཟུར་འདེགས་ཞུས།
ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་རྟེན་དང་། གསུང་རྟེན། ཐུགས་རྟེན། སྣམ་སྦྱར། བླ་གོས། མཐང་གོས།དབུ་ཞྭ། གདིང་བ། ལྷུང་བཟེད། འཁར་གསིལ་བཅས་རིམ་པར་འབུལ་ལམ་ཞུས་ཏེ་དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་དང་། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག འཛི་སྒར་རིན་པོ་ཆེ་མཆོག ས་སྐྱ་གདོང་ཚང་ཞབས་དྲུང་རིན་པོ་ཆེ་མཆོག སྨན་རི་དཔོན་སློབ་རིན་པོ་ཆེ་མཆོག སྨིན་གླིང་མཁོ་ཁྱིམ་རིན་པོ་ཆེ་མཆོག ཚོགས་པ་ཁག་ལྔའི་འཐུས་མི་སོགས་ནས་མཇལ་ཁ་ཞུས་པ་དང་ཆབས་ཅིག་འབུལ་དངོས་སྤྱན་བསྟར་དང་། ཚོགས་འབུལ་བཞེས་དང་འགྱེད་འགྲེམས་ཞུ། ཞལ་འདོན་༸རྒྱལ་བའི་ཞབས་བརྟན་ཁག་གསུང་མུར་གསོལ་ཇ་གཉིས་པ་འདེགས་འབུལ་ཞུས་ཏེ་ཡོན་འབུལ་དང་ཚོགས་བཀྱེ་འགྲེམས་ཞུས་ཡོད།
དེ་ནས་བཀྲ་ཤིས་རྫས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་བཅས་ཚིག་བསྟུན་གྱིས་འབུལ་ལམ་ཞུས་རྗེས་གཏང་རག་མཎྜལ་ཆུ་སྒང་ཚོགས་གཙོས་འདེགས་འབུལ་དང་འཐུས་མི་གཞན་རྣམས་ནས་མཇལ་ཁ་ཞུས་གྲུབ་མཚམས་ཞལ་འདོན་བཀྲ་ཤིས་རྒྱས་པ་དང་། སྔ་འགྱུར་བསྟན་རྒྱས་སྨོན་ལམ། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། བོད་ཡུལ་བདེ་བའི་སྨོན་ལམ། སྨོན་ལམ་ཕྱོགས་བཅུ་དུས་བཞི་མ། བསྟན་པ་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུངས་མཐར་ཀ་ཁྲི་སྒྲོགས། དེ་ནས་བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་མཛད་སྒོ་དངོས་གཞི་ལེགས་པར་གྲུབ་ནས་མགོན་པོ་གང་ཉིད་མཆོག་གཟིམ་ཆུང་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་བ་བཅས། །