ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༦ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༦ ཉིན་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་ཏི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོ་བོ་གྱུར་པའི་འཛམ་གླིང་ཡུལ་གྲུ་ཁག་ནས་བཅར་བའི་ཆོས་ཞུ་བ་དང་། དེ་བཞིན་བོད་མི་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༧༠༠༠ ལྷག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་འཕྲོ་སྐྱོང་མཛད་པ་དང་འབྲེལ་བཀའ་སློབ་སྩལ་དོན།
དེ་རིང་ཉིན་མ་མཐའ་མ་རེད། ངོས་ཀྱིས་མཇུག་ཏུ་དགེ་བ་སེམས་བསྐྱེད་ཅིག་འདོན་དགོས་མིན་ནམ་དྲན་བྱུང་། དེའི་སྔོན་ལ་ལམ་གཙོ་བཤད་ན་དྲན་བྱུང་། རྒྱུ་མཚན་ནི་ཀླུ་སྒྲུབ་ཀྱི་གསུང་དེ་དག་གཞི་རྒྱ་ཆེན་པོ་གསུང་ཡོང་གི་འདུག དེ་དག་ལག་ལེན་ལ་སྒྲིལ་ཡོང་དུས་རྡོག་སྒྲིལ་པོ་ཞིག་འདུག བོད་གངས་ཅན་གྱི་ལྗོངས་ལ་ཇོ་བོ་རྗེ་དཱི་པཾ་ཀ་ར་ཕེབས་ནས་ལམ་སྒྲོན་མཛད་པ་རེད། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། །འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། །ཞེས་གསུངས་འདུག བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་ཡོད་པ་དེའི་ནང་གི་དོན་དག་སྙིང་པོ་ཚུར་འདུས་ཡོང་དུས་ཕྱི་མ་མངོན་མཐོ་བསྒྲུབ་རྒྱུ་དང་། དེ་ནས་ངེས་ལེགས་བསྒྲུབ་རྒྱུ། དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུ་བཅས་དོན་ཚན་གསུམ་དུ་ཕྱེ་ནས་དེ་ལ་ཡང་སྐྱེས་བུ་ཆུང་ངུའི་ལམ་རིམ་དང་། སྐྱེས་བུ་འབྲིང་གི་ལམ་རིམ། སྐྱེས་བུ་ཆེན་པོའི་ལམ་རིམ་བཅས་དེ་ལྟར་གོ་རིམ་བསྒྲིགས་ནས་གསུངས་འདུག ང་ཚོ་ལྟ་བུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་གྱིས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བ། སྐྱེས་བུ་ཆེན་པོའི་ལམ་རིམ་བཅས་འགྲོ་སྟངས་དེ་ལྟར་རེད། བཀའ་གདམས་གོང་མ་ཚོར་ཤ་ར་བའི་ལམ་རིམ་སོགས་ལམ་རིམ་མང་པོ་ཡོད།
རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ་དང་། འབྲིང་པོ། ཆུང་ངུ་། ལམ་རིམ་བསྡུས་དོན་བཅས་ཡོད། རྗེ་རིན་པོ་ཆེས་ཐུན་མོང་མིན་པའི་འཁྲིད་སྟངས་ཤིག་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གསུང་པའི་ལམ་གྱི་གཙོ་བོ་རྣམ་གསུམ་ཞེས་པ་འདི་ཉུང་ངུ་དང་ཉིན་རེ་བཞིན་བཤགས་སྡོམ་བྱེད་ཀྱི་ཡིན་ན་ཕན་ཐོགས་ཡོད། དེར་བརྟེན་འདི་བཤད་དགོས་དྲན་པ་རེད། ཅེས་བཀའ་སློབ་སྩལ་རྗེས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ལྗགས་ལུང་དབུ་འཛུགས་དང་འབྲེལ་བཀའ་སློབ་སྩལ་དོན། སྤྱིར་བཏང་གི་སློབ་སྦྱོང་ཞིག་ཡིན་ནའང་དགེ་རྒེན་ཞིག་དགོས་ཀྱི་ཡོད། དེ་བཞིན་ཆོས་ཕྱོགས་ཀྱི་གནས་ཚུལ་ཡིན་ནའང་སློབ་ཁྲིད་དགེ་རྒན་ཞིག་དགོས་ཀྱི་ཡོད། དེར་བརྟེན་བཤེས་གཉེན་བསྟེན་ཚུལ་གལ་ཆེན་པོ་གསུང་གི་ཡོད། དེ་ཡང་ལམ་རིམ་ཆེན་མོའི་ནང་གསུང་བ་ནང་བཞིན་རེད། ཚིག་དེ་ཧ་ཅང་གནད་འགག་ཆེན་པོ་རེད། རང་མ་དུལ་བར་གཞན་གདུལ་བའི་གནས་མེད་པས་གཞན་རྒྱུད་དུལ་བར་འདོད་པའི་མི་དེས་ཐོག་མར་རང་གི་རྒྱུད་དུལ་བ་ཞིག་དགོས་སོ། ཞེས་གསུངས་ཡོད།
རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟོན་བྱ་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ། དེའི་ཕན་ཡོན་ཞེས་གསུང་གི་འདུག སློབ་གྲྭ་ཞིག་ལ་མཚོན་ནའང་སློབ་གྲྭར་དགེ་རྒན་ཡག་པོ་ཞིག་ཡོད་ན། སློབ་གྲྭ་དེ་ཡག་པོ་ཡོང་གི་རེད། དགེ་རྒན་མཚན་ཉིད་ཚང་བ་ཞིག་མེད་ན། དགེ་ཕྲུག་དེ་དག་གི་སློབ་སྦྱོང་འཐུས་ཤོར་དུ་འགྲོ་བ་མཐོང་ཆོས་རེད།
དེར་བརྟེན་ཆོས་ཉམས་ལེན་བྱེད་པར་ཆོས་སྟོན་མཁན་ཞིག་དགོས། ཆོས་སྟོན་མཁན་དེ་ཡང་དངོས་གནས་དྲང་གནས་མཚན་ཉིད་ཚང་བ་ཞིག་དགོས་པ་རེད། ཆོས་སྟོན་མཁན་བླ་མའི་གསུང་ལ་བརྟག་དཔྱད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནམ་རྒྱུན་གང་ཟག་ལ་དག་སྣང་དང་། ཆོས་ལ་བརྟག་དཔྱད་དགོས། ཞེས་གསུང་གི་འདུག ང་ཚོའི་སྤྱི་ཚོགས་ནང་དད་པ་ཡོད་པ་རེད། ཆོས་ལ་བརྟག་དཔྱད་བྱེད་རྒྱུ་དེ་མ་འདང་བའི་རྐྱེན་གྱིས་སྐབས་རེ་དཔེར་ན་ལོ་རྒྱུས་ནང་ཡོད་པ་རེད། བླ་མ་ཁོ་རང་བསམ་གྱིས་མི་ཁྱབ་པ་རེད། དགོས་དབང་གི་ཐོག་ནས་ནོར་འཁྲུལ་ཡོང་གི་འདུག ངོས་ཀྱིས་མར་ཞུས་ན་མ་འགྲིག་པ་མི་འདུག སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེ་ཡོངས་འཛིན་རྣམ་པ་གཉིས་ཀྱི་རྩ་བའི་བླ་མ་རེད།
སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེ་བླ་མ་བསམ་གྱིས་མི་ཁྱབ་པ་རེད། ཡིན་ནའང་སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེས་རྒྱལ་པོ་ཤུགས་ལྡན་རྐྱེན་ཞིག་གི་ཐོག་ནས་དར་སྤེལ་ཧ་ཅང་གནང་འདུག དེར་བརྟེན་གང་ཟག་ལ་དག་སྣང་དང་། ཆོས་ལ་བརྟག་དཔྱད་དགོས། ཞེས་གསུང་བ་རེད། དེ་བླ་མས་གསུང་པ་རེད་ཅེས་རྨོངས་དད་བྱས་ནས་མ་ཕྱིན་པར། བླ་མས་གསུང་པ་རེད་དེ་རྒྱུ་མཚན་ག་རེ་རེད་འདུག དགོས་པ་ག་རེ་རེད། དེ་བསྡུར་རྒྱུ་གལ་ཆེན་པོ་རེད།
སྔ་མོ་ངོས་ནས་ཀྱང་དོལ་རྒྱལ་བསྟེན་གསོལ་བྱས་པ་ཡིན། ཕྱིས་སུ་༸གོང་ས་ལྔ་པ་ཆེན་པོའི་གསུང་གི་ནང་། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས་བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་མཁན་ཞེས་གསུང་གི་འདུག རྒྱུའི་ཁྱད་པར་སྨོན་ལམ་ལོག་པ། ངོ་བོའི་ཁྱད་པར་འབྱུང་པོ། བྱེད་ལས་ཁྱད་པར་བསྟན་དང་འགྲོ་བར་འཚེ་བ་བྱེད་མཁན་ཞེས་རྒྱལ་བ་ལྔ་པས་གསུང་གི་འདུག རྒྱལ་བ་ལྔ་པ་ལས་སླ་བོ་རང་ཡོད་མ་རེད། དངོས་གནས་དྲང་གནས་མཁས་གྲུབ་གཉིས་ལྡན་ཞིག་རེད་འདུག ལྷག་པའི་ལྷའི་ཞལ་གཟིགས་ཀྱི་ཡོད། ཁོང་གིས་གསུང་པ་དེར་རྒྱུ་མཚན་ཡོད། ངས་བརྟག་དཔྱད་མང་པོ་བྱས་པ་ཚང་མ་དོལ་རྒྱལ་བསྟེན་ན་ཡག་པོ་མེད་པ་ཐོན་ཡོད། དེར་བརྟེན་ངོས་ཀྱིས་དོལ་རྒྱལ་བསྟེན་རྒྱུ་མཚམས་བཞག་པ་རེད། དོལ་རྒྱལ་བསྟེན་ན་ཡག་པོ་མེད་པ་དེ་ངོས་ཀྱིས་བཤད་དགོས་པ་ངོས་ཀྱི་ལས་འགན་རེད། བཤད་ནས་ཉན་དང་མ་ཉན་ཟེར་བ་སོ་སོའི་བསམ་བློ་རེད།
དོལ་རྒྱལ་བསྟེན་དང་མ་བསྟེན་སོ་སོའི་རང་དབང་རེད། བསྟེན་ན་དགེ་མཚན་མེད་པ་དང་གནོད་པ་ཡོད་བཞིན་པ་རེད། འཇམ་མགོན་རྒྱལ་བའི་བསྟན་སྲུང་གསུང་གི་ཡོད། འོན་ཀྱང་རྒྱལ་པོ་ཤུགས་ལྡན་གྱིས་རྗེ་རིན་པོ་ཆེའི་བསྟན་པ་ལ་ཞབས་འདེགས་ག་རེ་བསྒྲུབས་འདུག ཆོས་ལུགས་ཀྱི་འཐེན་འཁྱེར་ཧ་ཅང་བྱུང་བ་རེད་མ་གཏོགས་རྗེ་རིན་པོ་ཆེའི་བསྟན་པར་ཕན་པ་གང་བྱུང་མི་འདུག་ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ལམ་གཙོ་རྣམ་གསུམ་གྱི་ལྗགས་ལུང་དངོས་གཞི་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད། དེ་བཞིན་ཐུབ་པའི་མཚན་སྔགས་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་སྩལ་རྗེས་བཀའ་སློབ་ཕེབས་དོན། ཁྱོད་རང་ཚོ་ནད་དང་ན་ཚ་ཡོད་མཁན་ཡོད་ན་སྒྲོལ་མའི་གཟུངས་སྔགས་བགྲངས་ཚེ་ཕྲན་བུ་ཕན་ཐོགས་ཡོང་གི་རེད། ཁྱོད་རང་ཚོ་རང་ཉིད་དང་ཕྲུ་གུ་ཚོར་ཨ་ར་པཱ་ཙ་ཡག་པོ་བགྲང་འཇུག་དང་རིག་པ་ཡག་ཏུ་འགྲོ་བར་ཧ་ཅང་ཕན་ཐོགས་ཡོད། དེ་བཞིན་སེམས་རྒྱུད་དུལ་བ་དང་སེམས་ལྷོད་ལྷོད་བྱེད་པ། གཞན་ཡང་ཁོང་ཁྲོ་ཟ་བའི་སྐབས་སུ་མ་ཎི་བགྲོངས་དང་སེམས་ལྷོད་དུ་འགྲོ་གི་རེད། མཁྱེན་སོང་ངམ། ད་ཐེངས་འདིའི་ཆོས་འབྲེལ་ལེགས་པར་ཟིན་པ་ཡིན། ལོ་རྗེས་མར་སྒུག ཅེས་བཀའ་སློབ་སྩལ་བ་དང་བསྔོ་བ་མཛད་རྗེས་ཨེ་ཤི་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་སྐུ་པར་ལྷན་སྒྲོན་མཛད་དེ་ཐེངས་འདིའི་གསུང་ཆོས་གནང་སྒོ་ཁག་ལེགས་པར་གྲུབ་ཡོད་པ་བཅས། །