ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭ་མཐུན་ཚོགས་ནས་ཇི་ལྟར་སྔོན་ནས་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་མེངྒ་ལོར་དུ་༸ཞབས་སོར་བདེ་བར་འཁོད། ཕྱི་ཚེས་ ༣༠ ཉིན་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ Father Muller Convention Centre ཚོགས་ཁང་དུ། རྒྱ་གར་རྒྱལ་ཡོངས་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭའི་ལྷན་ཚོགས་ཐེངས་ ༥༢ ཚོགས་མགོན་དུ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་རྣམ་པ་དང་། གཞོན་སྐྱེས་ཚོར་འཚམས་འདྲི་ཡོད། ངོས་རང་འདིར་བཅར་ནས་མི་སྣ་ཧ་ཅང་མང་པོ་དང་ཐུག་པར་ཧ་ཅང་དགའ་པོ་བྱུང་། ལྷག་པར་གཞོན་སྐྱེས་ཚོ་དང་ཐུག་པ་རེད། སྐབས་རེ་མི་ལོ་ན་ཚོད་རྒན་པ་ཚོ་དང་ཐུག་སྐབས་ངོས་ཀྱི་བསམ་བློར། ང་གཉིས་ནས་སུ་སྔོན་ལ་འཆི་རྒྱུ་ཡིན་སྙམ་པ་ཡོང་བཞིན་འདུག འོན་ཀྱང་སློབ་ཕྲུག་གཞོན་སྐྱེས་ཚོ་དང་ཐུག་སྐབས་ངོས་རང་ཉིད་ཀྱང་ན་ཚོད་གཞོན་པའི་སྣང་བ་སྐྱེ་བཞིན་འདུག ༼བཞད་མོ་བཞད།༽ དེར་བརྟེན་ངོས་རང་དེ་རིང་འདིར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ངོས་ཀྱི་དུས་རྟག་ཏུ་དུས་རབས་ཉི་ཤུ་དང་ཉི་ཤུ་རྩ་གཅིག་སྐོར་བཤད་ཀྱི་ཡོད། ངོས་ལ་མཚོན་ན་དུས་རབས་ཉི་ཤུ་པའི་མི་རེད། ཁྱེད་རང་ཚོ་ཕལ་མོ་ཆེ་དུས་རབས་ཉེར་གཅིག་པའི་མི་རབས་རེད། འདས་ཟིན་པ་དེར་བཟོ་བཅོས་བྱ་རྒྱུ་གང་ཡང་མེད། འདས་པ་རེད། འདས་པ་ལས་བློ་སྐྱེད་བླང་རྒྱུ་མ་གཏོགས་མེད། འབྱུང་འགྱུར་འགྲོ་བ་མིའི་མདུན་ལམ་དང་འཛམ་གླིང་གི་གནས་སྟངས་བཟང་ངན་ཐག་གཅོད་བྱ་རྒྱུ་ང་ཚོའི་ལག་ཏུ་ཡོད། ད་ལྟའི་འཛམ་གླིང་གི་གནས་སྟངས་ལ་གཅིག་གཟིགས་དང་། དཀའ་ངལ་ཧ་ཅང་འདུག དང་ཐོག་དབུལ་ཕྱུག་གི་དཀའ་ངལ་དང་། འབྱོར་ལྡན་རྒྱལ་ཁབ་ཚོའི་ནང་དུའང་ནང་གི་བསམ་བློ་དང་འབྲེལ་བའི་དཀའ་ངལ་ཧ་ཅང་འདུག ཚན་རིག་པ་ཁག་གཅིག་གིས་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་རེད། ཅེས་བརྗོད་ཀྱི་འདུག དེར་རྒྱུ་མཚན་ཡོད་པ་ནི་གསལ་པོ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་རེད།
སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཇི་འདྲ་ཞིག་ཡིན་ཡང་རང་ཉིད་འཚོ་བར་སྤྱིའི་སྒྲིག་འཛུགས་ལ་རག་ལུས་ཡོད། དེར་བརྟེན་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་པའི་ངོས་ནས་ཐོག་མ་སྐྱེས་ཙམ་ཉིད་ནས་བྱམས་བརྩེའི་གོམས་པ་ཡོད། ང་ཚོས་བྱིས་པ་ཚོར་ལྟོས་དང་། ཆུང་བྱིས་པའི་སྐབས་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་བྱམས་བརྩེའི་བསམ་པ་དེ་མངོན་གསལ་དོད་པོ་ཡོད། རྒྱལ་ཁབ་དང་ཆོས་ལུགས་ཀྱི་བསམ་བློ་གང་ཡང་མེད་པར་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ནང་ཚགས་ཆེན་པོས་ཕན་ཚུན་རྩེད་མོར་རོལ་བཞིན་ཡོད། ང་ཚོ་སྐྱེས་ཙམ་ཉིད་ནས་མའི་བྱམས་བརྩེས་བསྐྱངས་པ་རེད། དེ་ལྟ་བུ་མའི་བྱམས་བརྩེ་མེད་ཚེ་ང་ཚོ་འཚོ་ཐབས་བྲལ། བྱིས་པའི་སྐབས་མའི་བྱམས་བརྩེ་ཇི་ཙམ་མང་པ་ཐོབ་པ་དང་། ཉེ་འབྲེལ་གྱི་མཛའ་བརྩེས་ཇི་ཙམ་མང་བ་བསྐྱངས་པ་དེ་ཚོད་ཀྱིས་མི་དེའི་བསམ་བློའི་ཞེ་ཕུག་དེ་ཞི་བདེ་བག་ཕེབས་ཀྱི་ཚོར་བ་ཡོད། དེ་ལས་ལྡོག་སྟེ་མའི་བྱམས་བརྩེ་དེ་ཙམ་མ་ཐོབ་པའམ། མས་ཆུང་དུས་ཡལ་བར་དོར་བ། ཡང་ན་བྱམས་བརྩེ་དེ་ཙམ་མེད་པའི་ཁོར་ཡུག་ནང་འཚར་ལོངས་བྱས་པའི་མི་དེའི་བསམ་བློའི་ཕུགས་དེར་རྟག་ཏུ་འཇིགས་སྣང་ཡོད། མི་ཚེ་སྒང་པོའི་རིང་བསམ་བློའི་ཞེ་ཕུགས་དེར་འཇིགས་སྣང་བྱས་ནས་སྡོད་དགོས་པ་ཆགས་ཀྱི་ཡོད།
གཞི་རྩའི་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། ད་ལྟའི་གནས་སྟངས་ལ་མཚོན་ནའང་འདིར་གྲོང་ཁྱེར་ནང་གི་མི་ཚོའི་བདེ་སྡུག་དེ་རྒྱ་གར་རྒྱལ་ཡོངས་ལ་རག་ལས་ཡོད། རྒྱ་གར་གྱི་བདེ་སྡུག་དེའང་ཨེ་ཤི་ཡ་བྱིངས་ལ་བརྟེན་ནས་ཡོད། ཨེ་ཤི་ཡ་སྤྱི་ཡོངས་ཀྱི་བདེ་སྡུག་དེའང་འཛམ་གླིང་ནང་གི་འགྲོ་བ་མི་རིགས་གཞན་ལ་བརྟེན་ནས་ཡོད། འཕྲུལ་ཆས་ཡར་རྒྱས་དང་མི་འབོར་འཕེལ་རྒྱས། དེ་བཞིན་མི་ཚེ་སྐྱེལ་སྟངས་སོགས་ཀྱི་གནས་སྟངས་ལ་བརྟེན་ནས་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་ལྟའི་འཛམ་གླིང་གི་དངོས་ཡོད་གནས་སྟངས་འདི་རེད། བསམ་བློ་འདི་འདྲ་བྱུང་ཚེ་ཕན་ཚུན་གསོད་རེས་གཏོང་དགོས་པ་དང་། དམག་འཁྲུག་རྒྱག་དགོས་པ་གང་ཡང་མེད། ད་ལྟའི་དུས་སྐབས་འདིར་རང་གཞན་ཆགས་སྡང་གི་བློ་དེ་ཧ་ཅང་ཤུགས་ཆེན་པོ་ཡོང་བཞིན་འདུག ཅོལ་ཆུང་གི་བསམ་བློ་དང་མིག་རྒྱང་ཐུང་ཐུང་བྱས་པར་བརྟེན་དཀའ་ངལ་དེ་ལྟར་འཕྲད་བཞིན་ཡོད།
སྐབས་རེ་ཆོས་ཀྱི་མིང་ཐོག་ནས་ཕན་ཚུན་དབྱེན་སྦྱོར་དང་། མི་གསོད་ཁྲག་སྦྱོར་སོགས་ཡོང་བཞིན་འདུག ད་ལྟའི་འཛམ་གླིང་གི་གནས་སྟངས་འདི་རེད། འགྲོ་བ་མི་ལ་འཕྲད་བཞིན་པའི་དཀའ་ངལ་ཧ་ཅང་མང་པོ་ཡོད་པ་དེ་དག་ཕལ་མོ་ཆེ་མིས་བཟོས་པའི་དཀའ་ངལ་རེད། རྒྱུ་མཚན་གང་ཡིན་ནམ། ཚན་རིག་པས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་བཤད་ཡོད། དེ་ལྟར་ནའང་མིས་དཀའ་ངལ་འདི་ལྟ་བུ་ཧ་ཅང་མང་པོ་ཞིག་ཆེད་མངགས་བཟོ་དགོས་དོན་གང་ཡིན་ནམ། ངོས་ཀྱི་བསམ་པར་ང་ཚོས་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་བློ་དེར་དོ་སྣང་ཆུང་དྲགས་པར་བརྟེན་དཀའ་ངལ་དེ་དག་འཕྲད་པར་ངོས་འཛིན་བྱེད་ཀྱི་ཡོད། མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་བརྩེ་བའི་བསམ་བློར་སྣང་མེད་དུ་བཞག་པ་དེ་ལ་བརྟེན་ནས་དཀའ་ངལ་འཕྲད་པ་ཞིག་རེད།
དེང་དུས་ཤེས་ཡོན་ལམ་ལུགས་དེར་ངོས་ལ་བསམ་ཚུལ་ཕྲན་བུ་ཡོད། ད་ལྟའི་ཤེས་ཡོན་ལམ་ལུགས་སམ་དེང་དུས་ཤེས་ཡོན་ལམ་ལུགས་དེ་དག་གིས་འདང་ངེས་མེད། དེང་དུས་ཤེས་ཡོན་ལམ་ལུགས་དེ་ནུབ་ཕྱོགས་ནས་དར་བ་ཞིག་རེད། དེའི་དམིགས་ས་གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་རེད། ཕྲུ་གུ་ཆུང་དུས་ཕན་ཚུན་རྩེད་མོར་རོལ་ཡང་རིམ་བཞིན་སློབ་གྲྭ་སོགས་ལ་འགྲོ་སྐབས་ཆོས་ལུགས་དང་རྒྱལ་ཁབ། ཤ་མདོག་དཀར་ནག དེ་བཞིན་རྒྱ་གར་ནང་ལ་མཚོན་ན་རིགས་རུས་ཀྱི་དབྱེ་འབྱེད་ཧ་ཅང་ཡོད་པ་ཤེས།
དེ་ལ་བརྟེན་ནས་ང་ཚོ་དང་ཁོ་པ་ཚོ་ཟེར་བའི་བསམ་བློ་དེ་སླེབ་བཞིན་ཡོད། མི་བཟང་ངན་ཇི་འདྲ་ཞིག་བཟོ་མིན་དེ་གཙོ་ཆེར་ཤེས་ཡོན་ལ་རག་ལས་ཡོད་སྟབས་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། གོང་དུ་ངོས་ཀྱི་བརྗོད་པ་ལྟར་ཤེས་ཡོན་དེ་ཀླད་པ་ཡར་རྒྱས་ཙམ་མིན་པར་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་བརྩེའི་བསམ་བློ་གོང་མཐོར་གཏོང་རྒྱུ་ཐད་བསམ་བློ་གཏིང་ཟབ་གཏོང་དགོས། གནས་སྟངས་འདིའི་འོག་འཛམ་གླིང་ཆོས་ལུགས་གཙོ་ཆེ་བ་ཚང་མ་འགྲོ་བ་མིའི་ཆོས་ལུགས་ཤ་སྟག་རེད། དེར་བརྟེན་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་སོགས་གཞི་རྩའི་འགྲོ་བ་མིའི་རིན་ཐང་གི་བསླབ་བྱ་གཅིག་མཚུངས་གསུང་བཞིན་ཡོད། ཆོས་ལུགས་དེ་དག་མིའི་ཁམས་དང་མོས་པ་སྣ་ཚོགས་ལ་བརྟེན་ནས་ལྟ་གྲུབ་མི་འདྲ་བ་རེད། དེ་ནི་དགོས་མཁོ་ཡོད་པའང་རེད། འོན་ཀྱང་བྱམས་བརྩེ་སོགས་ཀྱི་བསླབ་བྱ་ཚང་མར་ཡོད། ཅེས་སོགས་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའི་སྐོར་བཀའ་སློབ་སྩལ་རྗེས་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས། །