ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༥༩ འཁོར་བའི་གཞུང་འབྲེལ་དུས་ཆེན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་རང་ཁོངས་ལས་བྱེད་ཞབས་ལོ་ ༢༥ ཡན་རྣམས་ལ་ལེགས་གསོའི་ཕྱག་འཁྱེར་གནང་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
༡། ལྷག་ཆུང་ཚེ་རིང་ལགས་ནི། ཐོག་མར་ཕྱི་ལོ་ ༡༩༩༠ ཟླ་ ༡ ཚེས་ ༡ ཉིན་ལས་བྱེད་དུ་འཛུལ་ཞུགས་ཀྱིས་རྡ་ས་དཔལ་འབྱོར་ལག་ཤེས་བཟོ་གྲྭའི་ནང་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་ཕྱག་ལས་གནང་ཏེ་ཕྱི་ལོ་ ༡༩༩༠ ཟླ་ ༧ ཚེས་ ༡ ཉིན་ལས་བྱེད་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༦ ཉིན་བལ་ཡུལ་མཱ་ཇཱ་རུམ་གདན་བཟོ་གྲྭར་གནས་སྤོས་ཀྱིས་རུམ་གདན་དཔེ་རིས་འབྲི་མཁན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༨ ཉིན་ལྡི་ལིར་གནས་སྤོས་ཀྱིས་དཔལ་འབྱོར་པར་འགྲེམས་ཁང་དུ་འདོན་སྤེལ་འགན་འཁུར་བའི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༨ ཟླ་ ༨ ནང་བལ་ཡུལ་ཧིམ་ཀཱར་རུམ་གདན་བཟོ་གྲྭར་གནས་སྤོས་ཀྱིས་རུམ་གདན་དཔེ་རིས་འབྲི་མཁན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༩ ཟླ་ ༡༢ ནང་རྡ་སར་གནས་སྤོས་ཀྱི་ལག་ཤེས་བཟོ་གྲྭའི་དངུལ་གཉེར་གྱི་ལས་འགན་གནང་། ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༣༠ ཉིན་ཀུ་ལུ་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་སྤོས་ཀྱིས་རྩིས་དྲུང་གི་ལས་འགན་གནང་། ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༢ ཉིན་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ལས་དྲུང་གི་གནས་རིམ་ཐོག་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ཉིན་ལས་དོའི་གནས་རིམ་དུ་གནས་སྤར་དང་དེ་རྗེས་ཕྱི་ལོ་ ༢༠༡༦ ཟླ་༧ ཚེས་ ༢༢ ཉིན་སྡེ་འགན་གྱི་གནས་རིམ་དུ་གནས་སྤར་གྱིས་ད་ལྟའི་ཆར་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རམ་འདེགས་ཚན་པར་རྩིས་པའི་ལས་འགན་གནང་མུས་ཡིན།
༢། ངག་དབང་རྒྱལ་མཚན་ལགས་ནི། ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༡ ཉིན་ལྡི་ལི་དཔལ་འབྱོར་ཉམས་ཞིབ་སྡེ་ཚན་དུ་ཟླ་དྲུག་རིང་ཚོད་ལྟའི་ངོ་བོར་བསྐོ་གཞག་གིས་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༡ ཚེས་ ༡ ཉིན་ལྡི་ལི་དཔལ་འབྱོར་ཉམས་ཞིབ་སྡེ་ཚན་དུ་ལས་བྱེད་ངོ་མ་བསྐོ་གཞག་གིས་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༢ ཚེས་ ༢༦ ཉིན་གནས་སྤར་ཐོག་ལྡི་ལི་དཔལ་འབྱོར་ཉམས་ཞིབ་སྡེ་ཚན་དུ་འགན་འཛིན་ལས་རོགས་སུ་བསྐོ་གཞག་གིས་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༣༠ ཉིན་ལྡི་ལི་དཔལ་འབྱོར་པར་བསྐྲུན་ཁང་གི་འགན་འཛིན་ལས་རོགས་སུ་གནས་སྤོས་ཀྱིས་ཕྱག་ལས་གནང་། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་སྡེ་ཚན་ཁང་སྒེར་བདག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་འོག་ལས་བྱེད་རྣམས་ལ་བདམ་ཀའི་ཐོག་ཕྱི་ལོ་ ༢༠༠༤ ཟླ་ ༨ ཚེས་ ༦ ཉིན་ནང་སྲིད་ལས་ཁུངས་སུ་སྡེ་ཚན་འགན་འཛིན་གནས་རིམ་ཐོག་བསྐོ་གཞག་གིས་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༠༢ ཉིན་དྲུང་གཞོན་ལས་རོགས་གནས་རིམ་ཐོག་གནས་སྤར། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༥ ཉིན་དྲུང་གཞོན་གནས་རིམ་ཐོག་གནས་སྤར་གནང་བ་ནས་བཟུང་ད་བར་ནང་སྲིད་ལས་ཁུངས་ཀྱི་འཆར་སྡེ་ཚན་པར་ཕྱག་ལས་གནང་དང་གནང་མུས་ཡིན།
༣། ཚུལ་ཁྲིམས་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༨༥ ཟླ་ ༡ ཚེས་ ༣༠ ཉིན་ལྡི་ལི་དཔལ་འབྱོར་ཕྱིར་ཚོང་ཁང་དུ་ཐོག་མར་ལས་བྱེད་དུ་འཛུལ་ཞུགས་གནང་ཏེ་ཕྱི་ལོ་ ༢༠༠༤ཟླ་ ༣ ཚེས་ ༡ བར་ལོ་གྲངས་ ༡༩ རིང་འགན་འཛིན་གཙོས་ལས་གནས་འདྲ་མིན་ཐོག་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༤ཟླ་ ༤ ཚེས་ ༡༥ ཉིན་དྲུང་ལས་གནས་རིམ་ཚད་མཉམ་ཐོག་འབུམ་ལ་བསྟན་སྒང་མཉམ་དྲུང་གི་ལས་གནས་སུ་བསྐོ་གཞག་གནང་བ་བཞིན་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༡༠ ཉིན་བསུ་ན་མདའ་ས་གནས་འགོ་འཛིན་གྱི་ལས་འགན་དུ་བསྐོ་གཞག་གིས་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ནས་དྲུང་གཞོན་ཚད་མཉམ་གནས་རིམ་དུ་གནས་སྤར་བསྐོ་གཞག་གིས་བསུ་ན་མདའ་ས་གནས་འགོ་འཛིན་གྱི་ལས་འགན་མུ་མཐུད་གནང་། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༥ ཉིན་བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་གྱི་ལས་འགན་དུ་གནས་སྤོས་བསྐོ་གཞག་གནང་བ་བཞིན་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༢ ཉིན་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ས་གནས་འགོ་འཛིན་དུ་གནས་སྤོས་བསྐོ་གཞག་གནང་བ་བཞིན་ད་བར་ལས་འགན་གནང་དང་གནང་མུས་ཡིན་པ་བཅས། །