ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས་ནས་ཚེས་ ༣༠ རེས་གཟའ་ཟླ་བ་བར་ལས་དུས་ཉིན་གྲངས་དགུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་།
དེ་ཡང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཟུར་ཉན་པ་རྣམ་པ། གསར་འགོད་པ་དང་། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་བཀུར་འོས་སྤྱི་འཐུས་རྣམ་པ་བཅས་ལ་ཐོག་མར་ངས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་གྲོས་ཚོགས་ཚོགས་དུས་བརྒྱད་པ་འདིར་སྤྱི་འཐུས་ ༤༥ ཡོད་པའི་ནང་ནས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སྤྱི་པའི་རྩ་དོན་སླད་སྒེར་གྱི་འགྲོ་གྲོན་བཏང་བའི་ཐོག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་སྟབས། ཐེངས་འདིའི་ཚོགས་དུས་ཆ་ཚང་ནས་དགོངས་པ་ཞུས་སོང་། དེ་མིན་སྤྱི་འཐུས་ཚང་མ་བདེ་ཐང་ངང་ཚོགས་ཞུགས་གནང་ཡོད།
ད་རེས་གྲོས་ཚོགས་ཚོགས་དུས་བརྒྱད་པར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་དགུ་ཙམ་ཡོད། དེ་ཡང་སྤྱི་ཟུར་རྣམ་པ་གསུམ་སྐུ་ཚེའི་འཕེན་པ་རྫོགས་པ་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Senate ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཚེ་མ་ཟིན་པ། དེ་བཞིན་ང་ཚོའི་གྲོགས་པོ་རྒྱ་གར་བ་ཁ་ཤས་ཤིག་སྐུ་ཚེ་མ་ཟིན་པ་ལ་སོགས་པ་དེ་ཚོའི་ཆེད་མྱ་ངན་གུས་འདུད་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་དགུ་ཙམ་ཡོད། གཞན་ཡང་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཡོད། ཕྱོགས་མཚུངས་ཁྲིམས་འཆར་ལྔ་ཙམ་ཡོད།
འཛིན་སྐྱོང་བཀའ་ཤག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་འབུལ་དགོས་ཀྱི་ཡོད་པ་བཞིན་དེ་རིང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པ་ཁྱོན་བསྡོམས་ཤོག་གྲངས་ ༢༥༠༨ ཙམ་ཕུལ་ཡོད་པ་དེ་དག་ལ་སྤྱི་འཐུས་རྒྱུན་ལས་ཀྱི་སྡེ་ཚན་སོ་སོ་ནས་ཐུགས་ཞིབ་གནང་སྟེ། དོག་དྲི་ཁག་དང་ནོར་བཅོས་སོགས་ལ་གྲོས་ཚོགས་ནང་འབྱོར་ཡོང་གི་རེད། དེ་བཞིན་ལས་བསྡོམས་བསྡུས་པ་དེ་འབྲེལ་ཡོད་བཀའ་བློན་སོ་སོ་ནས་གྲོས་ཚོགས་ནང་སྙན་སྒྲོན་གནང་རྗེས་བགྲོ་གླེང་དང་དྲི་བ་དྲིས་ལན་ལ་སོགས་པ་ཡོང་རྒྱུའི་གནས་སྟངས་ཆགས་ཀྱི་རེད།
འདི་ལོར་གྲོས་ཚོགས་ཚོགས་དུས་བདུན་པ་གྲོལ་བ་ནས་བཟུང་ཚོགས་དུས་བརྒྱད་པ་འདིའི་བར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་ལཊ་ཝི་ཡ་Latvia རྒྱལ་ས་རི་གར་ Riga ཚོགས་ཐུབ་པ་རེད། དེ་ཡང་ལཊ་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ Mr. Janis Martin Skuja ལགས་ཀྱིས་ཐུགས་འགན་གཙོ་བོ་བཞེས་གནང་བ་རེད། དེར་བརྟེན་ཁོང་གཙོ་བོར་གྱུར་པའི་ཚོགས་བཅར་གནང་མཁན་ཡོངས་ལ་སྡིངས་ཆ་འདི་བརྒྱུད་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
དེ་བཞིན་ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ Tibetan Policy and Support Act 2019 ཞེས་པའི་ཁྲིམས་འཆར་ཞིག་བཏོན་གནང་ཡོད། ཁྲིམས་འཆར་འདི་ད་ཆ་གྲོས་ཚོགས་གོང་མའི་ནང་འགྲོ་རྒྱུ་རེད། དེར་བརྟེན་ཁྲིམས་འཆར་འདིའི་སླད་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་ལས་གནང་མཁན་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
གཞན་ཡང་ཟླ་དྲུག་འདིའི་ནང་ལོ་གཉིས་དང་ཕྱེ་ཀའི་ས་བགོས་གཉིས་པའི་ས་ཁུལ་གང་ཙམ་ཞིག་ལ་ཕེབས་ཟིན་པ་རེད། ད་དུང་ཡིན་ནའང་ས་གནས་ཁ་ཤས་ལ་ཕེབས་རྒྱུ་ལྷག་ཡོད། ཅེས་ཞུ་འདོད་བྱུང་། ཟླ་དྲུག་འདིའི་ནང་ཨ་རིའི་གྲོས་ཚོགས་འཐུས་མི་དང་། འཇར་མན། རྒྱ་གར་གྱི་སྐུ་མགྲོན་མང་པོ་ཞིག་ལ་སྣེ་ལེན་ཞུ་རྒྱུའི་གོ་སྐབས་བྱུང་།
ཚོགས་དུས་སྔ་མ་གྲོལ་བ་ནས་བཟུང་ད་ལྟའི་ཚོགས་དུས་འདིའི་བར་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐེངས་ ༣༡ ཙམ་གནང་འདུག གཙོ་བོ་བར་བརྒལ་བཀའ་འཁྲོལ་མང་ཤོས་ཡོང་བཞིན་ཡོད། དེ་མིན་གནད་དོན་མང་པོ་ཞིག་ལ་ཐག་གཅོད་གནང་རྒྱུ་དེ་འདྲ་ཆགས་ཡོད། རྩ་བའི་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐོག་སྤྱི་འཐུས་ཡོངས་རྫོགས་ཐེངས་གཅིག་ཕེབས་ཟིན་པ་རེད། གཉིས་པ་དེ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད། ཟླ་དྲུག་འདིའི་ནང་ཨ་རི་ཁུལ་གྱི་ཞུ་གཏུག་ཟིན་པ་རེད། འབྱུང་འགྱུར་ཡུ་རོབ་ཀྱི་ས་ཁུལ་ཁ་ཤས་དང་ཨོ་སི་ཊི་ལི་ཡར་ཕེབས་འཆར་གྱི་གནས་སྟངས་ཆགས་ཡོད་ཅེས་ཞུ་འདོད་བྱུང་།
དེ་བཞིན་མང་གཙོའི་གོ་རྟོགས་སྤེལ་སླད་ལོ་མང་པོའི་སྔོན་ནས་ས་གནས་འཐུས་མིའི་ཚོགས་འདུ་ལ་སོགས་པ་དེ་དག་ལ་ཟབ་སྦྱོང་འབུལ་བཞིན་ཡོད། ཟླ་དྲུག་འདིའི་ནང་བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་མི་འབོར་མང་ཤོས་གྲས་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་མི་ཚོགས་འདུ་དང་། ཀོ་ལི་གྷལ་དོན་ལྡན་གླིང་། ཧོན་སུར་རབ་རྒྱས་གླིང་། སྦེལ་ཀོབ་ལུགས་བསམ་དང་བདེ་སླར་གཉིས་ཀྱི་ས་གནས་རང་བདེན་ཚོགས་ཆུང་གི་སྐུ་ཚབ་སོགས་ལ་ཚོགས་འདུ་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ལ་སོགས་པའི་ཐོག་ལ་ཟབ་སྦྱོང་ཕུལ་རྒྱུ་བྱུང་། ང་ཚོ་ནི་མི་མང་གིས་འོས་འདེམས་བྱས་པའི་མི་མང་གི་སྐུ་ཚབ་ཆགས་ཡོད། འཛིན་སྐྱོང་བཀའ་ཤག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་འབུལ་དགོས་པ་བཞིན། ང་ཚོ་སྤྱི་འཐུས་རྣམ་པས་རྒྱ་ཆེ་མང་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་འབུལ་དགོས་ཀྱི་ཡོད་པར་བརྟེན། ང་ཚོའི་ངོས་ནས་མི་མང་གི་མངོན་འདོད་གཞིར་བཟུང་ཇི་ལྟར་སྒྲུབ་དགོས་ཀྱི་འདུག དེ་ཚོའི་ཐོག་ལ་དགོངས་པ་ཡག་པོ་བཞེས་དགོས་རྒྱུ་གནད་འགག་ཆགས་ཀྱི་འདུག སྐབས་རེ་མི་མང་གི་དགོངས་ཚུལ་དེ་འདྲའི་ནང་སྤྱི་ཚོགས་དང་མཐུན་མ་མཐུན་དང་། འགྲིག་མ་འགྲིག་འདི་དག་འགོ་འཛུགས་ས་གྲོས་ཚོགས་ནས་ནས་ཡོང་གི་འདུག་ཅེས་གསུང་གི་འདུག དེ་ལྟར་ཡིན་ན་ཧ་ཅང་བློ་ཕམ་དགོས་པའི་གནས་ཚུལ་རེད།
དེ་སྔ་གང་བྱུང་བ་ཡིན་ནའང་འདས་པའི་ལོ་རྒྱུས་རེད། ད་ནས་བཟུང་ང་ཚོའི་སྤྱི་ཚོགས་ནང་མ་འགྲིག་པ་དང་མ་མཐུན་པ། མ་མཆམ་པ་གང་ཡོད་ནའང་། མཐུན་པ་བཟོ་རྒྱུའི་འགོ་དེ་འདི་ནས་བཙུགས་དགོས་བསམ་གྱི་འདུག ང་ཚོས་ག་དུས་ཡིན་ནའང་དགོངས་པའི་ནང་འཇོག་དགོས་རྒྱུ་ནི། དེ་སྔ་སྐབས་ཤིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལྟར་བཀའ་སློབ་ཕེབས་ཡོད། ༼ ངོས་ལ་གྲོགས་པོའི་འདུ་ཤེས་ཏོག་ཙམ་ཡོད་ན། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ནམ་ཡང་མ་བྱོས། ༽ ཞེས་བཀའ་སློབ་ཕེབས་ཡོད།
དེར་བརྟེན་ག་དུས་ཡིན་ནའང་འདི་འདྲའི་གནས་ཚུལ་ཞིག་སོ་སོའི་བློ་ལ་འཆར་གྱི་ཡོད་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་འདི་ཐུགས་ལ་དྲན་པ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག དོན་དམ་གྲོས་ཚོགས་ཚོགས་དུས་བརྒྱད་པ་འདི་གྲུབ་པའི་རྗེས་རྩ་བའི་བླ་མ་རྣམ་པ་ཐུགས་དགྱེས་པ་ཞིག་དང་། མི་མང་དེ་དག་བློ་བདེ་པོ་ཡོང་ཐུབ་པ་བཟོ་དགོས་རྒྱུ་ང་ཚོ་ཚང་མའི་ལས་འགན་ཆགས་ཡོད། ང་ཚོ་མི་རེ་ངོ་རེའི་ལས་འགན་ཆགས་ཡོད། དེ་དག་གི་ཐོག་ཚང་མས་ཐུགས་སྣང་གནང་རོགས་གནང་།
རྩ་བའི་མི་སྒེར་སོ་སོའི་ལྟ་གྲུབ་མཐུན་དང་མཐུན་ཡོང་ཆོག་གི་རེད་ལ་ཡོང་དགོས་པ་ཞིག་ཀྱང་རེད། འོན་ཀྱང་འདི་བེད་སྤྱོད་ལོག་པར་བཏང་ན་འགྲིག་གི་མེད། དེར་བརྟེན་ང་ཚོ་ནང་ལ་མི་མཐུན་པ་གང་ཡོད་ནའང་མཐུན་པ་བཟོ་རྒྱུའི་ལམ་ཀ་གང་འདུག་འདི་ང་ཚོས་འཚོལ་དགོས་རྒྱུ་གལ་ཆེན་པོ་རེད་འདུག
དེ་ཙམ་དུ་མ་ཟད་ང་ཚོ་ཕྱི་ལ་ཕེབས་པའི་སྐབས་སུ་སོ་སོ་དང་འབྲེལ་བ་ཡོད་པའི་མི་མང་རྣམས་ལ་གོ་བཀོན་སློབ་གསོ་བྱས་ནས་ང་ཚོའི་སྤྱི་ཚོགས་འདི་ལྷིང་འཇགས་པོ་དང་བག་ཕེབས་པོ། ལྷག་པར་ང་ཚོས་རྩ་དོན་རྩོད་པར་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་འགྲོ་དགོས་པ་རེད་མ་གཏོགས་དུམ་བུ་མང་པོ་ཞིག་ལ་འགྱེ་བ་ཡིན་ན། རྩ་དོན་རྩོད་རྒྱུར་ཧ་ཅང་ཁག་པོ་ཆགས་ཀྱི་རེད། ང་ཚོའི་སྤྱི་ཚོགས་ནང་མངོན་གསལ་དོད་པོ་མེད་པའི་ཐོག་ནས་ལས་འགན་ཡོད་པ་མང་པོ་ཞིག་ཡོད་པ་དེ་དག་གི་ལག་ཆར་མི་འགྲོ་བ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་ཞུ་འདོད་བྱུང་། ད་རེས་གྲོས་ཚོགས་འདིའི་ལས་དོན་ཚང་མ་བཀྲ་ཤིས་ལོ་ལེགས་ངང་གྲོལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཚང་མར་ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་བསྟུན། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་མི་མང་རྙིང་མའི་སྤྱི་འཐུས་ཟུར་པ་ཐུབ་བསྟན་ཉི་མ་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་། སྤྱི་འཐུས་བློ་བཟང་གྲགས་པ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་ཟུར་མདོ་སྔགས་བསྟན་འཛིན་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་བོད་མི་མང་མདོ་སྟོད་སྤྱི་ཟུར་དཀོན་མཆོག་ནོར་བུ་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་བོད་མི་མང་དབུས་གཙང་སྤྱི་ཟུར་པདྨ་ཚེ་དབང་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རི་ཅཌ་ལུའུ་གར་ (Richard Lugar) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ཤི་ལ་ཌིག་ཤིཊ་ (Smt.Sheila Dikshit) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་རྒྱ་གར་མ་རྡི་ཡ་པར་དྷེ་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྦ་བུ་ལླ་གྷོར་ (Babulal Gaur) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས་རྒྱ་གར་བྷི་ཧར་མངའ་སྡེའི་མི་མང་སྟོབས་ཤུགས་གཅིག་སྒྲིལ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་ ཅནྡྲ་པྶ་ཝན་ (Ram Chandra Paswan) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་བློ་བཟང་གྲགས་པ་ལགས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་རམ་ཇེཌ་མ་ལ་ནི་ (Ram Jethmalani) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཅས་རིམ་པས་སྙན་སྒྲོན་གནང་གྲུབ་མཚམས་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་རྗེས་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་བར། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས་རྒྱབ་སྐྱོར་གནང་སྟེ། གོང་གསལ་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་བཅས།།