ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༥ འདི་ག་སྤྱི་ཁྱབ་ལས་ཁུངས་ནས་མངའ་སྡེའི་སྲིད་སྐྱོང་ལས་ཁུངས་སུ་ཐད་ཀར་འབྲེལ་གཏུགས་ཀྱིས་སྲིད་སྐྱོང་གསར་པ་སྐུ་ཞབས་སྦན་ཌ་རུ་དཏྟ་ཏྲེས་ཡ་ Bandaru Dattatreya མཆོག་ལ་དགའ་བསུའི་མཇལ་འཕྲད་ཞུ་རྒྱུའི་མཚོན་མཇལ་དར་དང་ཕྱག་རྟགས་སྒྲོན་འབུལ་ཐོག་འཚམས་འདྲི་ཞུ་རྒྱུའི་གོ་སྐབས་ཡོང་བ་ཞུས་དོན་བཞིན། ཕྱི་ཚེས་ ༢༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་འདི་ག་སིམ་ལ་སྤྱི་ཁྱབ་བསྟན་འཛིན་ནོར་བུ་ལགས་ཀྱིས་སྣེ་ཁྲིད་འོག་ས་གནས་དགོན་སྡེའི་སྐུ་ཚབ་དང་། སིམ་ལ་ས་གནས་འཐུས་ཚོགས་ཀྱི་རྒྱུན་ལས། སིམ་ལ་ཚོང་པ་ཚོགས་པའི་ཚོགས་མི། དེ་བཞིན་ས་གནས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་ནས་རཱཇ་བྷ་ཝན་ Governor House དུ་དུས་ཐོག་ཆེད་བཅར་ཞུས་པ་དང་སྦྲགས། སྲིད་སྐྱོང་སྐུ་ཞབས་སྦན་ཌ་རུ་དཏྟ་ཏྲེས་ཡ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གི་འཚམས་འཕྲིན་སྤྱན་བསྟར་འབུལ་ལམ་ཞུས་པ་དང་། ཧི་མ་ཅལ་མངའ་སྡེའི་ནང་གནས་འཁོད་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་མཇལ་དར་ཕྱག་རྟགས་སྒྲོན་འབུལ་ཞུས་ཐུབ་པ་བྱུང་ཡོད།
སྤྱི་ཁྱབ་པས་མངའ་སྡེའི་སྲིད་སྐྱོང་མཆོག་ལ་འཚམས་འདྲི་གྲངས་མེད་ཞུ་རྒྱུ་དང་། ད་ལྟའི་བར་སྲིད་སྐྱོང་རིམ་ཕེབས་རྣམས་ནས་བོད་དོན་ཐད་ཐུགས་འཁུར་དང་རྒྱབ་སྐྱོར་གང་ཐུབ་གནང་ཡོད་པར་ཁོང་ཉིད་མཆོག་ནས་ཀྱང་དེ་བཞིན་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་མ་ཟད། སིམ་ལར་སྲིད་སྐྱོང་ངོ་བོར་ཕེབས་པར་དགའ་བསུ་དང་ལས་དོན་ཐོག་བཀྲ་ཤིས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་ཡོད་པ་བཅས། །