ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་དྲིལ་རྒྱ་ཡིག་ཚན་པའི་གསར་འགོད་པ་འཇམ་དབྱངས་ཚེ་རིང་ལགས་ཀྱིས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་དང་པིའོ་ལགས་ལ་བཅར་འདྲི་ཞུས་ཡོད།
དེ་ཡང་སྐུ་ཞབས་དང་པིའོ་Teng Biao ལགས་ནི་པེ་ཅིང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ཞིག་ཡིན་ཞིང་། ཁུལ་དེར་ཡོད་པའི་ཁྲིམས་རྩོད་མཐུན་ཚོགས་དང་བསམ་བློའི་བང་མཛོད་ Open Constitution Initiative ཞེས་པ་འཛུགས་མཁན་ཡང་ཡིན་འདུག ཁོང་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་མང་གཙོའི་བསྒྲགས་གཏམ་ Charter 08 ཞེས་པ་སྤེལ་མཁན་གཙོ་གྲས་ཡིན་འདུག ཁོང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཁྲིམས་ཀྱི་མཐོ་སློབ་ཀྱིས་གདན་ཞུའི་མཁས་དབང་དང་པེ་ཅིང་ཁྲིམས་དང་ཆབ་སྲིད་སློབ་ཁྲིད་པའང་ཡིན་འདུག
གསར་འགོད་པས། ཕྱི་ལོ་ ༢༠༠༨ ལོར་ཁྱེད་དང་རྒྱ་རིགས་ཁྲིམས་རྩོད་པ་ཁག་གཅིག་གིས་ལོ་དེར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱས་པར་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་ཚོར་ཁྲིམས་ཐོག་ནས་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན། ཞེས་མང་ཚོགས་ལ་དྲིལ་བསྒྲགས་གནང་བ་རེད། ལྷག་པར་ཕྱི་ལོ་ ༢༠༠༩ ལོར་ཁྱེད་ཀྱིས་སྣེ་འཁྲིད་པའི་ Open Constitution Initiative ཚོགས་པས་ཕྱི་ལོ་ ༢༠༠༨ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་དེ་འདྲ་སྤེལ་དགོས་དོན་གང་ཡིན་རྒྱབ་ལྗོངས་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ལ་ཉམས་ཞིབ་སྙན་ཐོ་ཞིག་ཀྱང་བཏོན་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད། ཁྱེད་རང་གིས་ལོ་མང་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་གནང་མཁན་ཞིག་ཡིན་པའི་ངོས་ནས་དང་ཐོག་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་བསམ་བློ་གང་འདྲ་འཁོར་བྱུང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་གནང་མཁན་བོད་མི་ཚོར་རྒྱབ་སྐྱོར་གནང་རྒྱུའི་ཀུན་སློང་དེ་ཇི་ལྟར་བྱུང་། ཕྱི་ལོ་ ༢༠༠༩ ལོར་བོད་མིའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ལ་ཉམས་ཞིབ་སྙན་ཐོ་ཞིག་བཏོན་པ་དེའི་སྐོར་གསུང་རོགས།
དང་པིའོ་ལགས། ང་རང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་གནད་དོན་ལ་ཕྱི་ལོ་ ༢༠༠༣ ནས་དོ་སྣང་དང་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་སྤེལ་འགོ་བརྩམས། རྒྱ་རིགས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཝང་ལི་ཞུང་ལགས་ཀྱིས་བོད་མི་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་གསུངས་བྱུང་། དེ་ནས་བཟུང་ངས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཇི་ཙམ་བཏང་བའི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་རྔམ་སྟོན་བྱས་རྗེས་རྒྱ་ནག་གཞུང་གིས་བོད་མི་ཕོན་ཆེ་དོ་དམ་བཀག་ཉར་བྱས་པ་ང་ཚོས་ཤེས་བྱུང་། རྒྱ་ནག་གསར་འགོད་པ་ཚོས་གསུམ་པའི་བཅུ་བཞིའི་དོན་རྐྱེན་ཟེར།
བོད་མི་དེ་དག་ལ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པའང་ང་ཚོས་ཤེས་ཀྱི་ཡོད། དེར་བརྟེན་ངས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གཞན་ཁག་གཅིག་དང་འབྲེལ་བ་བྱས་ནས་མི་མང་གི་ཤེས་རྟོགས་ཆེད། མང་ཚོགས་བསྒྲགས་གཏམ་ཞིག་སྤེལ་བ་ཡིན། བསྒྲགས་གཏམ་དེའི་ནང་དུ། ང་ཚོས་བོད་མི་བཙོན་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་ཁྲིམས་ཀྱི་རྒྱབ་སྐྱོར་བྱེད་འདོད་ཡོད་པ་བསྒྲགས་ཡོད། མི་སུ་འདྲ་ཞིག་ཡིན་རུང་ཁྲིམས་རྩོད་པ་གླས་ནས་རང་ཉིད་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཡོད་ཀྱང་བོད་མི་དེ་དག་ལ་ཁྲིམས་ཀྱི་ཐོབ་ཐང་དེ་དག་སྤྲད་མེད། ལྷག་པར་བོད་མི་དེ་དག་བཙོན་ཁང་ནང་དུ་མནར་གཅོད་ཧ་ཅང་མྱོང་བཞིན་འདུག
སྤྱིར་རྒྱ་ནག་གི་བཙོན་ཁང་ནང་དུ་བཟོད་སྒོམ་བྱེད་ཐབས་བྲལ་བའི་སྡུག་སྦྱོང་མནར་གཅོད་བཏང་བ་དེ་སྤྱིར་སྟངས་ཡོངས་གྲགས་ཤིག་རེད། དེར་བརྟེན་ང་ཚོས་བོད་མི་དེ་དག་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཐབས་བྱས་པ་རེད། ཕྱི་ལོ་ ༢༠༠༨ ལོ་མཇུག་ཙམ་ལ་ང་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་ཉམས་ཞིབ་བྱ་རྒྱུའི་ཆེད་ཚོགས་ཆུང་ཞིག་བཙུགས་པ་ཡིན། དེའི་ཁྲོད་སློབ་ཕྲུག་དང་མཁས་དབང་ཁག་གཅིག་བོད་ནང་དུ་བསྐྱོད་ནས་གསུམ་པའི་བཅུ་བཞིའི་དོན་རྐྱེན་གྱི་དངོས་ཡོད་གནས་སྟངས་ཇི་ཡིན་ཐོག་ཉམས་ཞིབ་གནང་ཡོད། ཉམས་ཞིབ་ཀྱི་སྙན་ཐོ་ཕྱི་ལོ་ ༢༠༠༩ ལོར་ཕྱིར་བསྒྲགས་བྱས་ཡོད། སྙན་ཐོའི་ནང་གསལ་བོད་མིའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ལ་གཙོ་བོར་དམིགས་ནས་དོན་རྐྱེན་གྱི་རྐྱེན་རྩ་གང་ཡིན་ཞིབ་འཇུག་བྱས་ཡོད། ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནི་གདུག་རྩུབ་ཆེ་ཞིང་མཐའ་གཅིག་ཏུ་ལམ་ལྷོངས་བྱུང་མེད་པ་རེད། ང་རང་འགྲོ་བ་མི་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་པའི་ངོས་ནས་བོད་དོན་ཐོག་སྐད་ཆ་བཤད་རྒྱུ་དེ་ངའི་བཟང་སྤྱོད་ཀྱི་འགན་ཞིག་རེད།
གསར་འགོད་པས། འདི་ལོའི་ཕྱི་ཟླ་ ༦ ནང་དེ་སྔ་ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ དོན་རྐྱེན་བྱུང་ནས་ལོ་ངོ་ ༣༠ འཁོར་བ་རེད། ཕྱོགས་མཚུངས་ལྷ་སའི་ནང་རྒྱ་ནག་དམར་པོའི་དབང་སྒྱུར་ལ་ངོ་རྒོལ་རྔམ་སྟོན་བྱས་ནས་ལོ་ངོ་ ༣༠ འཁོར་བཞིན་ཡོད། ལྷ་སའི་ངོ་རྒོལ་རྔམ་སྟོན་དེ་ནི་ཕྱི་ལོ་ ༡༩༨༧ ཟླ་ ༩ ནས་ཕྱི་ལོ་ ༡༩༨༧ ཟླ་ ༡༠ དང་། ཕྱི་ལོ་ ༡༩༨༨ ཟླ་ ༣ བཅས་པར་བོད་མི་ཚོས་ངོ་རྒོལ་རྔམ་སྟོན་བྱས་ཡོད། ཁྱེད་ཀྱིས་པེ་ཅིང་གནམ་སྡེ་སྒོ་མོར་མང་གཙོའི་ལས་འགུལ་དང་ལྷ་སར་བོད་མིས་ངོ་རྒོལ་རྔམ་སྟོན་བྱས་པ་གཉིས་ལ་ཤུགས་རྐྱེན་ཇི་བྱུང་ཐད་དགོངས་ཚུལ་གསུང་རོགས།
དང་པིའོ་ལགས། ངས་ཉེ་ལམ་རྡ་སར་མང་ཚོགས་གཏམ་བཤད་སྐབས་ཞུ་རྒྱུ་བྱུང་། པེ་ཅིང་དུ་གནམ་སྡེ་སྒོ་མོའི་ཐང་ཆེན་ཐོག་མང་གཙོའི་ལས་འགུལ་ཐོག་མ་འབྱུང་རྩ་དེ་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་བྱུང་བ་མ་རེད། དེའི་རྐྱེན་རྩ་དེ་བོད་ཀྱི་རྒྱལ་ས་ལྷ་ས་ཆགས་ཡོད། འོན་ཀྱང་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ། མང་གཙོ་དོན་གཉེར་བ་ཁག་གཅིག་ལ་ལྷ་སའི་དོན་རྐྱེན་སྐོར་ཤེས་རྟོགས་མེད། གཙོ་ཆེར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གཞུང་དང་ལྟ་སྤྱོད་མི་མཐུན་པ་འཛིན་མཁན་གྱི་བསམ་ཚུལ་དང་གནས་ཚུལ་ཇི་འདྲ་ཞིག་བྱུང་ཡང་ཕྱོགས་གང་ས་ནས་དམ་བསྒྲགས་ཧ་ཅང་ཤུགས་ཆེན་པོ་བྱས་འབྲས་སུ་རྒྱ་ནག་སྐམ་སའི་རྒྱ་རིགས་ཚོས་པེ་ཅིང་གནམ་སྡེ་སྒོ་མོའི་དོན་རྐྱེན་མ་བྱུང་བའི་སྔོན་དུ། བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱས་པའི་སྐོར་ཤེས་རྟོགས་རྩ་བ་ནས་མེད།
ལྷ་ས་དང་པེ་ཅིང་ལ་བྱུང་བའི་རྔམ་སྟོན་གྱི་ལས་འགུལ་དེ་གཉིས་ཀར་ངོ་རྒོལ་གྱི་དགོས་འདུན་མཚུངས་པ་དང་མི་མཚུངས་པའི་ཆ་གཉིས་ཀ་ཡོད། དཔེར་ན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་དགོས་འདུན་བཏོན་པ་དེ་དག་ཕྱོགས་གཉིས་ཀའི་མཐུན་པའི་ཆ་རེད། འོན་ཀྱང་པེ་ཅིང་དུ་རྒྱ་རིགས་སློབ་ཕྲུག་ཚོས་ལྐོག་ཟ་རུལ་སུངས་མཚམས་འཇོག་དགོས་པ་དང་། གསར་འགྱུར་རང་དབང་དགོས་པ་བསྒྲགས་ཡོད། འོན་ཀྱང་ལྷ་སར་བོད་མི་ཚོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་རང་དབང་དགོས་པ་བསྒྲགས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དགོས་འདུན་དེ་དག་ལ་བདག་སྤྲོད་རྩ་བ་ནས་བྱས་མེད། ལྷ་སར་མཚོན་ན་བོད་མི་སྟོང་ཕྲག་མང་པོ་རྒྱ་ནག་གཞུང་གིས་དམར་གསོད་བཏང་བ་རེད། པེ་ཅིང་གནམ་སྡེ་སྒོ་མོའི་རྔམ་སྟོན་ལས་འགུལ་ལ་མཚོན་ན་རྒྱ་ནག་མི་མང་གིས་རྒྱལ་ཡོངས་རང་བཞིན་ལྡན་པའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཧ་ཅང་ཆེན་པོ་ཞིག་རེད།
སྐབས་དེར་སློབ་ཕྲུག་སྟོང་ཕྲག་མང་པོ་སྲང་ལམ་དུ་ཐོན་ནས་ངོ་རྒོལ་བྱས་ཡོད། ལྷ་སའི་རྔམ་སྟོན་སྐབས་ལས་མི་མང་བ་ཡོད། གྲུབ་འབྲས་ལ་མཚོན་ན་པེ་ཅིང་རྔམ་སྟོན་ལ་བརྟེན་ནས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལམ་ལུགས་ལ་ཤུགས་རྐྱེན་སྤྲད་ཐུབ་པ་མ་ཟད། འཛམ་གླིང་སྤྱི་ལའང་གང་ཙམ་ཤུགས་རྐྱེན་སྤྲད་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དམ་བསྒྲགས་ལས་འགུལ་ཚགས་ཚུད་སྤེལ་བའི་དྲིན་ལས་ད་ཆ་རྒྱ་མི་མང་པོ་ཞིག་དང་། ལྷག་པར་གཞོན་སྐྱེས་ཚོས་དེའི་སྐོར་རྒྱུས་མངའ་རྩ་བ་ནས་མེད། ཁོང་ཚོར་དོན་རྐྱེན་དེའི་སྐོར་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་ང་ཚོའི་ལས་འགན་རེད། དངོས་ཡོད་གནས་ཚུལ་ཇི་བྱུང་དང་། མི་མང་སྟོན་ཕྲག་མང་པོས་ལས་འགུལ་ནང་མཉམ་ཞུགས་གནང་སྟངས། མཐར་མི་མང་སྟོང་ཕྲག་མང་པོའི་ཁྲོད་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དམར་གསོད་བཏང་བའི་སྐོར་ཤེས་རྟོགས་ཐུབ་པ་བཟོ་དགོས། པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་དོན་རྐྱེན་བྱུང་ནས་མི་ལོ་ ༣༠ འཁོར་ཡང་ང་ཚོའི་དྲན་ལམ་དུ་འཐབ་རྩོད་དེ་ཧ་ཅང་སོས་པ་རེད།
གསར་འགོད་པས། ཕྱི་ལོ་ ༢༠༠༡ ནས་བཟུང་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་མཆོག་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོོལ་ཐེངས་དགུ་དང་། ནང་མོལ་ཐེངས་གཅིག་བྱུང་ཡོད། ཕྱི་ལོ་ ༢༠༡༠ ལོར་མཇལ་འཕྲད་མཐའ་མའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་མཆོག་གིས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། ཞེས་པ་དེ་ཕུལ་ཡོད། བསམ་འཆར་ཡིག་ཆ་དེའི་ནང་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་སྙིང་བསྡུས་ཤིག་བཀོད་ནས་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད་པ་ལས་བོད་རང་བཙན་རྩོད་ཀྱི་མེད་པ་གསལ་ཡོད། དེ་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་འཁོད་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་སྤྲོད་རྒྱུའི་ཆ་རྐྱེན་ཞིག་ཡོད། འོན་ཀྱང་སྐབས་དེར་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་རྣམ་པ་ཚོས་དབུ་མའི་ལམ་ཟེར་བ་དེ་ནི་མངོན་པར་མི་གསལ་བའི་རང་བཙན་རྩོད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་དེང་སྐབས་རྒྱ་ནག་གཞུང་གི་ལས་བྱེད་དང་མི་མང་ཚོའི་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་དེར་བསམ་ཚུལ་ཇི་འདྲ་འདུག་གསུང་རོགས། རྒྱ་ནག་མི་མང་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཤེས་རྟོགས་ཡོད་དམ། ཡོད་ཚེ་ཁོང་ཚོའི་བསམ་ཚུལ་ག་འདྲ་འདུག བོད་མིའི་ལངས་ཕྱོགས་དེར་རྒྱ་ནག་མི་མང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་གི་ཡོད་དམ།
དང་པིའོ་ལགས། དང་ཐོག་དེར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་གནད་དོན་དེ་ཚབ་སྲིད་ཐོག་ནས་ཧ་ཅང་གནད་འགག་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། རྒྱ་ནག་གཞུང་གིས་དམ་བསྒྲགས་ལ་བརྟེན་ནས་བོད་ཐོག་རྒྱ་ནག་མི་མང་གི་བསམ་ཚུལ་ཇི་ཡིན་ཤེས་རྒྱུ་ཧ་ཅང་ཁག་པོ་རེད། རྒྱ་ནག་གཞུང་གིས་བོད་མིར་དམ་བསྒྲགས་བྱས་པ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགག་བྱ་བྱེད་ཀྱི་ཡོད། གཞུང་གི་ལས་བྱེད་ལ་སྲིད་བྱུས་དེའི་སྐོར་རྒྱུས་མངའ་མེད་སྟབས་མང་ཚོགས་ཁྲོད་དེ་བས་ཤེས་རྟོགས་དང་རྒྱུས་མངའ་ཞན། ལྷག་པར་བོད་ཀྱི་གནད་དོན་སྐོར་འགྲེལ་བཤད་རྒྱག་སྐབས་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་པ་དེ་ཙམ་རེད། རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དང་། རྒྱ་ནག་གོང་བུ་གཅིག་གྱུར་ཟེར་བ་སོགས་ལ་བརྟེན་ནས་འཁྱོག་བཤད་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད། ང་རང་ལ་མཚོན་ནའང་དེ་ལྟར་ཡིན་པ་རེད་བསམ་པ་དྲན་མྱོང་ཡོད།
ང་ཚོ་ལོ་ན་གཞོན་སྐབས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཏཱ་ལའི་བླ་མ་ཁ་བྲལ་བ་རེད། ཟེར་བ་སོགས་ཆེད་མངགས་སློབ་གསོ་བྱས་བྱུང་། དེ་མཚུངས་རྒྱ་རིགས་ས་ཡ་མང་པོར་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་སློབ་གསོ་སྤེལ་བཞིན་ཡོད། དེར་བརྟེན་རྒྱ་ནག་མི་མང་ཚོས་བོད་ཀྱི་ལོ་རྒྱུས་དང་བོད་ནང་གི་གནས་སྟངས་ཇི་ཡིན་སྐོར་གཞུང་གིས་འཁྱོག་བཤད་གང་བྱས་པ་དེ་མ་གཏོགས་དངོས་ཡོད་དྲང་བདེན་གྱི་གནས་སྟངས་སྐོར་གང་ཡང་ཤེས་ཀྱི་མེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་མི་མང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་ཤག་བྱས་སྟབས། བོད་རང་བཙན་བརྗོད་སྐབས་ཁ་བྲལ་བྱེད་ཀྱི་འདུག་བསམ་པ་དྲན་གྱི་ཡོད། ངའི་བསམ་པར་གནས་སྟངས་འདི་ནི་ཕྲན་བུ་སེམས་འཚབ་སྐྱེ་གཞི་ཞིག་རེད། ཕྱི་སྡོད་རྒྱ་མི་རིགས་ཁག་གཅིག་གིས་ཀྱང་བསམ་ཚུལ་ལོག་པ་དེ་ལྟར་འཛིན་བཞིན་འདུག
འོན་ཀྱང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་དངོས་ཡོད་གནས་སྟངས་དང་འཚམས་ཤིང་རྒྱུ་མཚན་ལྡན་པའི་ཐབས་ལམ་ཞིག་ཡིན་པར་ངེས་རྙེད་ཐོག་སྲིད་བྱུས་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་རང་ཡིན་ནའང་སྲིད་བྱུས་དེར་རྒྱབ་སྐྱོར་ཞུ་བཞིན་ཡོད། ངའི་བསམ་པར་ང་ཚོ་ཚང་མས་རྒྱབ་སྐྱོར་གནང་དགོས་རེད་བསམ་གྱི་འདུག གཞི་རྩའི་བོད་མི་ཚོར་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད། དེར་བརྟེན་ངའི་བསམ་པར་བོད་རང་བཙན་རྩོད་རྒྱུ་དེ་བོད་མིའི་ཐོབ་ཐང་དང་རང་དབང་ཡིན་བསམ་པ་དྲན་གྱི་འདུག
གསར་འགོད་པས། མཐའ་མ་དེར་བོད་མི་ཚོར་གསུང་རྒྱུ་གཞན་ཡོད་དམ།
དང་པིའོ་ལགས། ང་ཚོས་གནད་དོན་གཙོ་བོ་གཉིས་ཤེས་དགོས། ད་ལྟའི་རྒྱ་ནག་གཞུང་དེ་ཁྲིམས་མཐུན་ཞིག་མིན། འདས་པའི་ལོ་རྒྱུས་ཐོག་གཞུང་དེས་གྲོས་མཐུན་དང་གྲོས་མོལ་སོགས་དོན་འཁྱོལ་ལག་བསྟར་རྩ་བ་ནས་མ་བྱས་པར་རྩིས་མེད་རྡོག་རོལ་བཏང་ཡོད། བོད་དང་ལྷན་བཞག་པའི་གྲོས་མཐུན་ཁ་ཞེ་གཉིས་མེད་ཐོག་ལག་བསྟར་བྱས་ཐུབ་མེད། ཕྱོགས་མཚུངས་ཧོང་ཀོང་ལ་མཚོན་ནའང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཟེར་བ་ལག་བསྟར་ཐུབ་མེད། དེར་བརྟེན་བོད་མི་ཚོ་དང་འཛམ་གླིང་མི་མང་ཚོས་ད་ལྟའི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རྒྱ་ནག་མི་མང་གི་བདག་དབང་དང་མངོན་འདོད་མཚོན་ཐུབ་ཀྱི་མེད། ང་ཚོས་རྒྱ་ནག་མི་མང་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོ་དང་འབྲེལ་བ་མང་ཙམ་གནང་དགོས། ཐབས་ལམ་དེ་ནི་འབྱུང་འགྱུར་བོད་ཀྱི་དཀའ་ངལ་སེལ་བར་འོས་ཤིང་འཚམས་པའི་ལངས་ཕྱོགས་ཤིག་རེད།
གནད་དོན་གཉིས་པ་ནི། བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྩ་མེད་བཏང་བའི་བྱེད་བབ་དེ་ནི་མི་གསོད་ལག་དམར་བའི་བྱེད་སྟངས་ཤིག་རེད། རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་ཐོག་མ་བྱེད་སྐབས་ནས་བཟུང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་འགོ་བཙུགས་ཟིན་པ་ཞིག་རེད། དེང་སྐབས་ཡུ་གུར་ནང་ལ་མཚོན་ན་ཡུ་གུར་བ་ཁ་ཆེ་མི་གྲངས་ས་ཡ་གཉིས་ལྷག་རྒྱ་ནག་གཞུང་གིས་སློབ་གསོ་ཁང་ཟེར་བའི་ནང་བཙན་བཀག་བྱས་ཡོད། བྱེད་བབ་དེས་རྒྱ་ནག་དམར་པོའི་སྲིད་གཞུང་གི་གདུག་རྩུབ་ཅན་གྱི་གདོང་རིས་ངོ་མ་དམར་རྗེན་དུ་བཏོན་པ་མཚོན། རྒྱ་ནག་གཞུང་གིས་ཡུ་གུར་ནང་གི་བྱེད་སྟངས་ལ་བལྟས་ན་ད་དུང་རྒྱ་སྐྱེད་གཏོང་རྒྱུའི་ཀུན་སློང་ཡོད་པ་གསལ་པོ་རེད། དེ་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཚབས་ཆེ་བཏང་བ་ཞིག་ཆགས་ཡོད། དེར་བརྟེན་རྒྱ་ནག་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་ཚབས་ཆེ་ཤོས་དེ་ཆགས་པ་རེད། དེར་བརྟེན་ངའི་རེ་བར་བོད་མིའི་སྒྲིག་འཛུགས་བརྒྱུད་ནས་ང་ཚོས་འཛམ་གླིང་ལ་རྒྱ་ནག་གི་བྱེད་སྟངས་གསལ་པོར་ར་སྤྲོད་བྱེད་ཐུབ། ད་ཆ་ང་ཚོས་ལས་འགུལ་རུ་ངར་ལྡན་པ་ཞིག་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུས་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་དམར་གསོད་ཀྱི་ལས་འགུལ་མཚམས་འཇོག་ཡོང་ཐབས་བྱེད་དགོས། །