ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨིནྡི་ར་གཱན་དྷི་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་ Indira Gandhi National Centre for the Arts ཞེས་པར། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ RSS ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ Indresh Kumar མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ལྡི་ལི་བྷི་ཇེ་བྷེ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་མ་ནོཇི་ཏི་ཝ་རི་ Manoj Tiwari མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོའི་ལས་ཚབ་སྐུ་ཞབས་ Harijit Singh Grewal ལགས། གཞན་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ The Core Group for Tibetan Cause ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ Shri R K Khrimey ལགས། རྒྱ་གར་རྒྱལ་ཡོངས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་ཁག་གི་ཚོགས་གཙོ་དང་ཚོགས་གཞོན་སོགས་དང་། དེ་བཞིན་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་ལས་བྱེད་རྣམ་པ། ལྡི་ལི་བསམ་ཡས་གླིང་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ཁྱོན་མི་མང་གྲངས་ ༥༠༠ ལྷག་འདུ་འཛོམས་ཐོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐོག་མར་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་བསྟུན། རྒྱ་གར་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་སོང་།
དེ་རྗེས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ཧིན་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བ་དང་དེ་རིང་གི་ཚོགས་ཆེན་ཐོག་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་བར་བོད་དོན་ཆེད་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལོ་ངོ་ ༦༠ གོང་ལ་ཝལབ་བྷ་ཡི་པ་ཊེལ་ Vallabhbhai Patel མཆོག་གིས་སྲིད་བློན་ནེ་རུ་ Pandit Nehru མཆོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་བཞིན་ཡོད་པས། རྒྱ་གར་གྱིས་བོད་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། གལ་ཏེ་རྒྱ་གར་གྱིས་བོད་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ཚེ། རྒྱ་ནག་གིས་བོད་བཙན་འཛུལ་བྱས་རྗེས་རྒྱ་གར་གྱི་ས་མཚམས་སུ་རྒྱ་མི་བསླེབ་ངེས་ཡིན་པའི་ཉེན་བརྡ་བཏང་བ་ལྟར་ད་ཆ་རྒྱ་གར་གྱི་ས་མཚམས་བར་རྒྱ་མི་བསླེབས་ཟིན་པར་བརྟེན། རྒྱ་གར་གཞུང་གིས་བདེ་སྲུང་ཆེད་འགྲོ་གྲོན་ས་ཡ་མང་པོ་གཏོང་དགོས་པའི་གནས་སྟངས་ཆགས་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་མེད་ན་རྒྱ་གར་གཞུང་གིས་འཕགས་བོད་ཀྱི་ས་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་འགྲོ་གྲོན་ཕོན་ཆེན་པོ་གཏོང་དགོས་པ་ཆགས་མེད། རང་དབང་ཁང་པས་ Freedom House སྙན་ཐོ་བཏོན་པའི་ནང་འཛམ་གླིང་ནང་རང་དབང་ཆེས་ཉུང་ཤོས་ནི་སི་རི་ཡ་ Syria དང་པོ་དང་། ཨང་གཉིས་པ་བོད་ཡིན་པ་སྙན་ཐོའི་ནང་ལོ་བསྟུད་མར་བཏོན་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ཡ་ཆེན་སྒར་དང་གསེར་རྟ་བླ་རུང་སྒར་སོགས་གཏོར་བཤིག་ཚབས་ཆེ་བཏང་དང་གཏོང་བཞིན་པ་མ་ཟད། དགོན་པ་དེ་དག་གི་གྲྭ་བཙུན་མང་པོ་ཕྱིར་འབུད་བཏང་དང་གཏོང་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༣ གྱིས་རང་ལུས་མེར་སྲེག་ལམ་ནས་ཞི་རྒོལ་རྔམ་སྟོན་བྱས་ཡོད།
འཕགས་བོད་གཉིས་ལ་མཚོན་ན་གནའ་སྔ་མོ་ནས་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་འབྲེལ་བ་ཡོད་ཅིང་། དཔེར་ན་བོད་དུ་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ནས་རྒྱ་གར་ནས་ནང་ཆོས་ཐོག་མར་སྲོལ་གཏོད་ཅིང་། རིམ་བཞིན་དར་འཕེལ་ཆེན་པོ་བྱུང་ཡོད། དེ་ནས་ཟུང་ད་བར་བོད་མི་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་བསྟན་སོགས་གསུང་རབས་གསུམ་བརྒྱ་ལྷག་ལེགས་སྦྱར་སོགས་ནས་བོད་སྒྱུར་ཞུས་ཏེ་དུས་ད་ལྟར་བོད་མི་ཚོས་ཉམས་བཞེས་གནང་མུས་ཡིན། ལྷག་པར་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞིན་པ་ཆེན་པོ་མཆོག་གིས་དུས་རྟག་ཏུ་མགོན་པོ་གང་ཉིད་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་བཀའ་སློབ་སྩོལ་བཞིན་ཡོད། ཅེས་སོགས་གསུངས།
དེ་རྗེས་རྒྱ་གར་གྲོས་ཚོགས་འཐུས་མི་མ་ནོ་ཇི་ཏི་ཝ་རི་མཆོག་གིས་བོད་དོན་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས། དེ་ནས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ RSS ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ Indresh Kumar མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བྱུས་ངན་རྩོམ་བཞིན་པ་དེར་མཐའ་གཅིག་ཏུ་དགག་པ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིིའི་ཆོས་དད་རང་དབང་ཐོག་ཐེ་བྱུས་བྱེད་བཞིན་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་བཟང་སྤྱོད་གང་གི་ཆ་ནས་འགལ་བ་རེད། ལྷག་པར་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་བཟུང་བྱས་པ་དེ་ཁྲིམས་འགལ་རེད། དེ་རིང་ང་ཚོ་འདིར་འཛོམས་པ་དེས་བོད་དང་བོད་མི་ཚོར་རྒྱབ་སྐྱོར་མཚོན་བཞིན་ཡོད། ཅེས་སོགས་གསུངས་རྗེས་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས། །