ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༣ རེས་གཟའ་མིག་དམར།
༄༅། །སུད་སི་སྐུ་ཚབ་དོན་གཅོད་དང་ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་བཅས་ཀྱི་གོ་སྒྲིག་འོག་ཡུ་རོབ་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ནས་ཟླ་ ༩ ཚེས་ ༡ བར་སི་པན་ Spain གྱི་གྲོང་ཁྱེར་སྦར་སི་ལོ་ནར་རྟེན་གཞི་བྱས་པའི་བོད་ཁང་ནང་ཚོགས་ཡོད།
དེ་ཡང་ཐེངས་འདིའི་ཚོགས་འདུའི་སྟེང་ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས།
ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས། དེ་བཞིན་སུད་སི་དང་། ལིག་ཏེན་སིཊ་ཡན། འཇར་མ་ནི། ཨོ་སི་ཊི་རི་ཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཕ་རན་སི། སྦེལ་ཇམ། ནེ་ཐར་ལན་ཌི། སི་པན། ཨིན་ཡུལ། པོ་ལན་ཌི། ནོར་ཝེ། སི་ཝེ་ཌེན་བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༡༢ ཀྱི་ཚོགས་གཙོ་དང་ཚོགས་གཞོན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད། ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་ཐོག་བོད་ཀྱི་སྐད་ཡིག་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་དང་། ཡུ་རོབ་ཁུལ་དུ་བོད་དོན་གོ་རྟོགས་དང་ཆབ་སྲིད་ལས་འགུལ་སྔར་ལས་ལྷག་ཤུགས་ཆེ་ཇི་ལྟར་སྤེལ་དགོས་པའི་སྐོར།
དེ་བཞིན་བཞུགས་སྒར་རྡ་སར་འཚོགས་ལ་ཉེ་བའི་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་ལྔ་དང་ལྔ་བཅུ་དང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་བཅས་ཀྱི་སྐོར་གོ་བསྡུར་སྦྱངས་བཤད་གནང་ཡོད།
ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་སྐོར་སྙན་སྒྲོན་ཞུ་མཁན་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་མཐུ་སྟོབས་རྣམ་རྒྱལ་ལགས་དང་། ཕ་རན་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམ་རྒྱལ་བསམ་གྲུབ་ལགས། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསོད་ནམས་མཐར་ཕྱིན་ལགས་བཅས་ཡིན་པ་དང་། སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་སྤྱི་མཐུན་ཚོགས་པའི་པར་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཚོགས་འདུ་ཐད་གཏོང་གནང་ཡོད་པ་བཅས། །