ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་གར་ར་སྦང་ལ་ཀུན་ཕན་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༣ རེས་གཟའ་མིག་དམར་ཉིན་འབྲས་ལྷོ་ར་སྦང་ལ་ས་གནས་སུ་འབྲས་ལྗོངས་མངའ་སྡེའི་དུས་ཆེན་ཆེ་ཤོས་དཔང་ལྷ་གསོལ་ཉིན་མོའི་དབུ་འབྱེད་མཛད་སྒོར་ར་སྦང་ལ་ཀུན་ཕན་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་ངོ་བཅར་ཞུས་ཏེ་སྐུ་མགྲོན་གཙོ་བོ་སི་ཀིམ་མངའ་གཞུང་གྱི་ཡུལ་སྐོར་སྤྲོ་འཆམ་དང༌། ཚོང་དང་བཟོ་ལས་བློན་ཆེན་སྐུ་ཞབས་སྦི་ཨེསྲི་པཎ་མཆོག་ལ་བོད་མིའི་སྒྲིག་འཛུགས་དང་ར་སྦང་ལ་བོད་རིགས་མི་མང་གི་ཚབ་ཞུས་ཏེ་འཚམས་འདྲིའི་འཇལ་དར་སྒྲོན་གནང་ཡོད་པ་མ་ཟད་ར་སྦང་ལ་ས་གནས་བོད་རིགས་མི་མང་ནས་དུས་ཆེན་ཉིན་མོར་སྐུ་མགྲོན་རྣམ་པ་དང་། རྒྱ་གར་ཡུལ་མི་ཁྱོན་བསྡོམས་བརྒྱ་ཕྲག་ལྔ་ཙམ་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
དཔང་ལྷ་གསོལ་དུས་ཆེན་དེ་བཞིན་ལོ་ལྟར་འབྲས་ལྗོངས་གཞུང་ནས་ར་སྦང་ལ་ས་གནས་སུ་སྲུང་བརྩི་ཞུ་བཞིན་ཡོད། ད་ལམ་ཡང་འདི་ཟླའི་ཚེས་ ༣ ནས་དབུ་འཛུགས་ཀྱིས་ཚེས་ ༡༣ བར་སྲུང་བརྩི་ཞུ་གཏན་ཡོད་པའི་ཁར་མཐའ་མའི་དངོས་གཞི་ཉིན་སྐུ་མགྲོན་གཙོ་བོར་འབྲས་ལྗོངས་མངའ་སྡེ་བློན་ཆེན་མཆོག་ཕེབས་འཆར་ཡོད་པ་བཅས། །