ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །འདི་གར་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༣ ཉིན་སེན་ཧྥེ་རན་གསེ་སེ་ཀོ་ San Francisco ནས་མཁའ་ལམ་བརྒྱུད་ཨོ་རི་སྒོན་མངའ་སྡེའི་ས་གནས་ཕོར་ཊེ་ལན་ཊེ་ Portland ཕེབས་འབྱོར་མཚམས་ས་གནས་ནུབ་བྱང་བོད་མིའི་རིག་གནས་ཚོགས་པའི་སྤྱི་མཐུན་རྒྱུན་ལས་ཁག་གཅིག་དང་། དང་བླངས་སྐུ་ཞབས་བསྟན་འཛིན་ཤེས་རབ་སོགས་ནས་ཕེབས་བསུ་ཞུས།
དགོང་མོ་ཆུ་ཚོད་ ༦ ཐོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་ས་གནས་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་བཀའ་བློན་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་བའི་སྙིང་དོན་ནི། ས་གནས་བོད་མི་རྣམས་མཐུན་འབྲེལ་དང་། ལྷག་པར་གསར་སྐྱེས་བོད་ཕྲུག་རྣམས་བོད་ཀྱི་སྐད་ཡིག་དང་ནང་ཆོས། བོད་མིའི་ཡ་རབས་བཟང་སྤྱོད་སོགས་བོད་མིའི་ངོ་བོ་མ་བརླག་པར་མུ་མཐུད་གནས་བར་ཕ་མ་དང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་འབྲེལ་ཡོད་ཚང་མས་དོ་ཁུར་གནང་དགོས་པ་དང་། ལྷག་པར་ཕ་མ་ཚོས་ཁྱིམ་ཚང་ནང་དུ་བུ་ཕྲུག་མཉམ་བོད་སྐད་ངེས་པར་དུ་སྤྱོད་དགོས་པའི་ལམ་སྟོན་དང་། གཞན་ཡང་བོད་མིའི་སྒྲིག་འཛུགས་སྤྱི་དང་། ཡང་སྒོས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་མིའི་འཕྲོད་བསྟེན་ལས་འཆར་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་། ནད་རིགས་སྔོན་འགོག་ལས་འཆར་ཁག་ངོ་སྤྲོད་དང་མང་ཚོགས་ནས་འཕྲོད་བསྟེན་དང་འབྲེལ་བའི་དོགས་འདྲི་ཁག་ལ་ལན་འདེབས་གནང་།
འཕྲོད་བསྟེན་བཀའ་སློན་མཆོག་ཕྱི་ཚེས་ ༤ ཉིན་ཨོ་རི་སྒོན་ནས་མཁའ་ལམ་བརྒྱུད་ལྷོ་ཁ་ལེ་ཕོར་ནེ་ཡའམ་ལོ་སེ་ཨན་ཇེ་ལེ་སེ་ Los Angeles ས་གནས་སུ་ཕེབས་ཏེ་བོད་རིགས་མང་ཚོགས་ལ་རེས་གཟའ་ཉི་མ་ཉིན་གསུང་བཤད་དང་ལས་རིམ་ཁག་གྲུབ་རྗེས་ཕྱིར་རྒྱ་གར་ལ་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད། ད་རེས་འཕྲོད་བསྟེན་བཀའ་བློན་མཆོག་ཨ་རིའི་ནུབ་བརྒྱུད་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུན་པ་དྲུང་གཞོན་བསྟན་འཛིན་ཚེ་དཔག་ལགས་མཉམ་བཅར་ཞུས་ཡོད་པ་བཅས། །