ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། འཇར་མི་ནི། ཕ་རན་སི། སི་ཝེ་ཌན། ཡུ་རོབ་སྤྱི་མཐུན་ཚོགས་པ། ཨོ་སི་ཊི་ལི་ཡ་དང་། ཧྥིན་ལེན་ཌི། ཨིན་ཡུལ། ནོར་ཝེ་རྒྱལ་ཁབ་བཅས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པའི་ཐོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཐུགས་འཚབ་ཀྱིས་གླེང་སློང་ཤུགས་ཆེ་གནང་ཡོད།
དེ་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པའི་ཚོགས་ཐུན་ ༡༧ གྱི་དོན་ཚན་ ༤ འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་སྣང་བྱེད་དགོས་ཞེས་པའི་དོན་ཚན་ཐོག་ཧྥིན་ལན་ཌིའི་སྐུ་ཚབ་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚབ་ཞུས་ཏེ་རྒྱ་ནག་གཞུང་གིས་སྤྱིར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། ལྷག་པར་བོད་དང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་ཞེས་གསུངས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་མི་སྣས། རྒྱ་ནག་གཞུང་གིས་དམིགས་བསལ་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པའི་སྐོར་རྗོད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་དུང་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་གནས་སྟངས་འཕེལ་རྒྱས་སུ་བཏང་ཐུབ་མེད། ཅེས་དང་།
གཞན་ཡང་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་བོད་ཀྱི་སྐད་ཡིག་རང་དབང་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་དང་། འདུ་འཛོམས་རང་དབང་། ཆེ་མཐོང་སོགས་ལ་བརྩི་སྲུང་བྱས་ན་ད་གཟོད་ཞི་བདེ་དང་འཕེལ་རྒྱས་འབྱུང་ཐུབ། ཅེས་གསུངས།
འཇར་མི་ནིའི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་བོད་དང་ཡུ་གུར་མི་རིགས་ཕོན་ཆེན་བཙོན་འཇུག་དང་མནར་གཅོད་བྱེད་བཞིན་པ་དེ་དག་མགྱོགས་མྱུར་མཚམས་འཇོག་བྱེད་དགོས། ཞེས་གསུངས། སི་ཝེ་ཌན་གྱི་སྐུ་ཚབ་མི་སྣ་ཡིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་རྣམས་ཀྱི་ཆོས་ལུགས་དང་རིག་གཞུང་གི་འདུ་འཛོམས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། རང་དབང་གི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དང་ཡུ་གུར་ནང་ཡོང་ཆོག་པ་བྱེད་དགོས། ཞེས་གསུངས། ཕ་རན་སིའི་སྐུ་ཚབ་མི་སྣ་ཡིས་བོད་དང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་ཡིན་པ་ཐུག་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་བཀག་བསྐྱིལ་བཙོན་རྭ་དེ་དག་མཚམས་འཇོགས་བྱེད་དགོས། ཞེས་གསུངས། །