ཕྱི་ལོ་༢༠༡༩ ཟླ་ ༩ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་ཡར་རྒྱས་ལས་གཞི་དཔེར་ན་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་གཏོར་བཤིག་བཏང་སྟེ་གྲྭ་བཙུན་རྣམས་ཕྱིར་འབུད་བཏང་དང་གཏོང་བཞིན་ཡོད་པ་དང་། ཡར་རྒྱས་ལས་གཞི་དེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག དཔལ་འབྱོར་སོགས་ལ་ཉེན་ཁ་ཚབས་ཆེན་འབྱུང་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་ཡར་རྒྱས་ལས་གཞིའི་སྐོར་རྟོག་ཞིབ་ནན་ཏན་བྱེད་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ དེ་བཞིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་འཚོགས་བཞིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ Society for Threatened Peoples ཞེས་པའི་ཚབ་ཞུས་ཏེ། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་ལས་གཞིའི་མིང་ཁྱེར་ནས་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་བརྒྱབ་པ་སོགས་ལ་བརྟེན་ནས་བོད་ཀྱི་འབྲོག་པ་ས་ཡ་གཉིས་ལྷག་གནས་སྤོ་བཅུག་ཡོད་པ་དང་།
སྔ་ལོ་ཕྱི་ཟླ་ ༤ ནང་བོད་རང་སྐྱོང་ལྗོངས་དབང་འཛིན་པ་ཚོས་འབྲི་རུ་སེབ་ཁྲ་རྫ་རྒན་གནས་རི་ནས་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་དེ་དམར་སྐོར་གྲོང་ཚོའི་འགོ་པ་ཀརྨ་ལགས་དང་བོད་མི་ ༣༠ ལྷག་གིས་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པར་བརྟེན། རྒྱ་གཞུང་གིས་བོད་མི་དེ་དག་འཛིན་བཟུང་གིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཅེས་དང་།
གཞན་ཡང་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་ནས་ཕྱིར་འབུད་བཏང་བའི་བོད་མིའི་གྲྭ་བཙུན་རྣམས་ལ་བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་མ་ཟད། ཁོང་ཚོའི་ལུས་སེམས་གཉིས་ཀར་མནར་གཅོད་བཏང་ཡོད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གཞུང་ལ་གྲྭ་བཙུན་དེ་དག་གིས་གཙོས་འབྲི་རུ་དམར་སྐོར་གྲོང་ཚོའི་འགོ་པ་ཀརྨ་ལགས་དང་བོད་མི་ ༣༠ ལྷག་གི་ད་ལྟའི་གནས་སྟངས་སྐོར་གནས་ཚུལ་ཞིབ་ཕྲ་སྤྲོད་དགོས་པའི་འབོད་སྐུལ་གནང་རོགས། ཞེས་གསུངས།།