ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བཙན་བྱོལ་བོད་མིའི་ཚབ་ཞུས་ཏེ་སྐུ་ཞབས་བྷ་གྷཏ་སིངྒ་ཁོཤ་ཡ་རི་ Shri Bhagat Singh Koshyari མཆོག་རྒྱ་གར་གྱི་མཧཱ་ར་ཤི་ཀྲ་མངའ་སྡེའི་སྲིད་སྐྱོང་དུ་བསྐོ་གཞག་གནང་བར་དགའ་བསུའི་འཚམས་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཉིད་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གནང་བའི་སྐབས་ནས་བཟུང་བོད་མིའི་རང་དབང་གི་འཐབ་རྩོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། སྐུ་ཉིད་འཕགས་བོད་འབྲེལ་མཐུད་ཚོགས་པའི་ Bharat Tibbat Sahyog Manch འགན་འཛིན་ཡིན་པའི་སྐབས་དང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ All Party Indian Parliamentary Forum for Tibet ཚོགས་འདུ་ཟུང་འབྲེལ་འདུ་སྐོང་པ་ཡིན་པའི་སྐབས་སུའང་རྟག་ཏུ་ཚོགས་འདུ་ཚང་མར་ཆེད་བཅར་གྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་ལྷུག་པོར་གསུངས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་མགྲོན་འབོད་ལྟར་སྐུ་ཉིད་མཆོག་མི་མང་གིས་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དམ་འབུལ་གྱི་མཛད་སྒོར་ཆེད་བཅར་གནང་ཡོད། ང་ཚོས་སྐུ་ཉིད་མཆོག་གིས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས། །