ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གྲོས་ཚོགས་འཐུས་མི་གསུམ་བཞུགས་སྒར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་བཅར་ཞུས་འདུག སྐབས་དེར་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་སྩལ་བའི་སྙིང་པོར། དེང་སྐབས་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། རྒྱ་མི་ནང་པ་ས་ཡ་གསུམ་བརྒྱ་ཙམ་ཡོད་པ་བརྗོད་ཀྱི་ཡོད་སྟབས། ང་ཚོས་བཟང་ཕྱོགས་ཀྱི་འགྱུར་བ་དེ་དང་བསྟུན་ནས་འཇར་མན་ལྟ་བུ་རང་དབང་ཅན་གྱི་ཡུལ་གྲུ་ཚོས་བོད་དོན་སྤྱི་དང་། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་བ་དེ་དག་ཕན་ཐོགས་ཧ་ཅང་འདུག
རྒྱ་ནག་དམར་པོའི་སྲིད་གཞུང་གིས་ལོ་ངོ་བདུན་ཅུ་ཙམ་གྱི་རིང་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་དེ་ད་ཆ་ལམ་ལྷོངས་བྱུང་མེད་པར་བརྟེན། བོད་ཐོག་རྒྱ་ནག་གཞུང་གིས་དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་ཤིག་འཛིན་དགོས་པ་འདུག ཅེས་རྒྱ་ནག་དཔོན་རིགས་ཁྲོད་བསམ་ཚུལ་དེ་འདྲ་འདུག ཅེས་བཀའ་སློབ་སྩལ་འདུག
ཐེངས་འདིར་གཟིམ་ཆུང་མཇལ་ཁར་བཅར་མཁན་གྲོས་ཚོགས་འཐུས་མི་གསུམ་པོ་ནི། རྙིང་ཞེན་ཚོགས་པའི་སྐུ་ཞབས་ཕྲེངྐ་ཧེན་རིག་ Frank Heinrich མཆོག་དང་། ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མར་གྷ་རེ་ཏི་བྷོ་སོ་ Margaret Bause མཆོག དེ་བཞིན་སྤྱི་ཚོགས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨུ་ལེ་ཝོ་གི་ Ms. Ule Vogi མཆོག་བཅས་ཡིན་འདུག སྐབས་དེར་ཚོགས་ཆུང་གི་ཚོགས་གཙོ་རྙིང་ཞེན་ཚོགས་པའི་སྐུ་ཞབས་ཕྲེངྐ་ཧེན་རིག་ Frank Heinrich མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་དོན། ང་ཚོའི་སྐུ་ཉིད་ཀྱི་བཀའ་སློབ་ཐོས་སྐབས་ང་ཚོ་འདིར་ཡོང་བའི་དགོས་དོན་ཚང་བ་ལྟ་བུ་བྱུང་། ང་ཚོ་འདིར་བཅར་བ་ནི་བོད་མིའི་ཕྱོགས་ནས་དགོས་འདུན་གང་ཡོད་ཉན་འདོད་ཆེད་ཡིན། ང་ཚོས་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་དང་མཇལ་འཕྲད་གནང་ཡོད་སྟབས། རྒྱ་ནག་ནང་དུ་འགྲོ་བསྐྱོད་དམ་བསྒྲགས་བྱ་རྒྱུ་ཡིན་པ་ང་ཚོས་ཐོག་མ་ཉིད་ནས་ཤེས་ཀྱི་ཡོད། ཅེས་ཞུས་འདུག །