༢༠༡༩ ཟླ་ ༩ ཚེས་ ༡༧ རེས་གཟའ་མིག་དམར།
ཤར་ཙོང་བསྟན་འཛིན་བདེ་ལྡན་གྱིས།
༄༅། །བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཡིན་ཞིང་། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སློབ་གསོ། འཚོ་བ། གོམས་སྲོལ་བཅས་ཕྱོགས་གང་ཅིའི་ཐད་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་དང་། ཤུགས་རྐྱེན་དེ་ནི་དགོན་སྡེ་བརྒྱུད་ནས་བྱུང་བ་ཞིག་ཡིན་པ་རེད།
དེ་བཞིན་བོད་ཀྱི་དགོན་སྡེའི་ནང་ལོ་རྒྱུས་ཀྱི་རིག་དངོས་རྩ་ཆེན་བགྲང་ཡས་པ་ཉར་ཚགས་བྱས་ཡོད་པ་དང་། དེ་ཡང་བོད་ཀྱི་དགོན་སྡེ་མང་ཆེ་བའི་ནང་གསུང་རབ་དང་། རྩོམ་རིག ལོ་རྒྱུས། ས་ཁམས། མཚན་ཉིད་རིག་པ། གསོ་རིག གནམ་རིག་སྐར་རྩིས་སོགས་ཀྱི་བསྟན་བཅོས་འབོར་ཆེན་ཉར་ཚགས་བྱས་ཡོད། ད་དུང་རྒྱུ་ཆ་གསེར་དང་། དངུལ། ཟངས་སོགས་ལས་བཟོ་བསྐྲུན་གནང་བའི་ལྷ་སྐུ་དང་། འཇིམ་བརྐོས། ལྡེབས་རིས་སོགས་ལ་སྒྱུ་རྩལ་གྱི་ཆུ་ཚད་ཀྱང་ཧ་ཅང་མཐོན་པོ་ཡོད། དེ་བཞིན་དེར་གནས་པའི་དགེ་འདུན་གྱི་སྡེ་བཅས་ནི་བོད་མི་རིགས་ཀྱི་རིག་གནས་མཚོན་བྱེད་ཅིག་ཡིན་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡོངས་ཀྱི་གྲུབ་ཆ་གཙོ་བོ་ཡིན།
དེ་ཡང་སྤྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་བོད་དུ་རགས་རྩིས་བྱས་ན་དགོན་སྡེ་ ༦༠༠༠ ལྷག་ཡོད་པ་དང་། ས་དགེ་བཀའ་རྙིང་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་དགོན་སྡེ་ནི་བོད་སྟོད་སྨད་བར་གསུམ་ཀུན་ཏུ་ཁྱབ་བསྡད་ཡོད། འདི་རྣམས་ལས་གདན་ས་གསུམ་ནི་བོད་ཀྱི་ཆོས་བརྒྱུད་གཙོ་བོ་རི་བོ་དགེ་ལུགས་པའི་དགོན་པ་ཐམས་ཅད་ཀྱི་ཆུ་འགོ་ལྟ་བུའི་མ་དགོན་ཡིན་ལ། གདན་ས་གསུམ་ལས་གྱེས་པའི་དགོན་ལག་རྣམས་ནི་མཐའ་ཡས་ཀྱི་མཚན་མོའི་མཁའ་དབྱིངས་སུ་དུང་ཟླ་བསྐོར་བའི་སྐར་ཚོགས་ཀྱིས་བརྒྱན་པ་བཞིན་བོད་དབུས་གཙང་དང་། ཁམས། མདོ་སྨད། ཐ་ན་སོག་ཡུལ་བཅས་ཡུལ་གྲུ་ཀུན་ཏུ་ཁྱབ་གདལ་དུ་སོང་ཡོད། དུས་རབས་བཅོ་བརྒྱད་པའི་སྐབས་ནས་བཟུང་དགེ་ལུགས་པའི་ཆོས་བརྒྱུད་ཁོ་ནར་དགོན་སྡེ་ ༣༤༧༧ ཡོད་པ་དང་། དགེ་འདུན་པའི་ཞལ་གྲངས་ ༣༡༦༢༠༠ ལྷག་ལ་སླེབས། དེ་བཞིན་བོད་ཀྱི་ས་གནས་གང་དུ་ཕྱིན་ཀྱང་མི་དམངས་ཀྱི་དད་མོས་དང་བསྟུན་ནས་ཆོས་བརྒྱུད་གང་རུང་གི་དགོན་པ་རེ་ཡོད་ངེས་ཡིན། དེ་ཡང་ས་ཁུལ་ཆེན་པོ་རེ་ལ་དགོན་ཆེན་རེ་དང་། དེའི་ཁོངས་གཏོགས་སུ་དགོན་ལག་གང་མང་ཡོད། འདིར་དགེ་ལུགས་གཙོ་བྱས་ཞུ་ན། དཔེར་ན་མདོ་སྨད་ཕྱོགས་སུ་སྐུ་འབུམ་དགོན་དང་། བྱ་ཁྱུང་དགོན། རོང་བོ་དགོན། བླ་བྲང་དགོན། ཀིརྟི་དགོན་སོགས། ཁམས་ཕྱོགས་སུ་སྡེ་དགེ་དགོན་དང་། ལི་ཐང་བྱམས་ཆེན་ཆོས་འཁོར་དགོན། དཀར་མཛེས་དར་རྒྱས་དགོན་སོགས། དབུས་གཙང་ས་ཁུལ་དུ་གདན་ས་གསུམ་ཕུད་ནས་བཀྲ་ཤིས་ལྷུན་པོ་དགོན་དང་། བསམ་ཡས་དགོན། གསང་ཕུ། རྭ་བ་སྟོད། ཚལ་གུང་ཐང་། དགའ་གདོང། སྐྱོར་མོ་ལུང། ཟུལ་ཕུ་བཅས་དབུས་གཙང་གི་གདན་ས་ཆེན་པོ་དྲུག་ལ་སོགས་དགོན་ཆེན་དུ་མ་ཡོད།
དེ་བཞིན་དགོན་པའི་སློབ་གསོའི་ལམ་ལུགས་ཀྱང་ཧ་ཅང་ཚགས་ཚུད་ཅིང་འཐུས་སྒོ་ཚང་བ་ཡོད། དགེ་ལུགས་པར་མཚོན་ན་དགོན་པའི་ཡིག་ཆའམ་སློབ་ཚན་གཙོ་བོ་མདོ་དང་སྔགས། གསོ་རིག དུས་འཁོར་བཅས་ཡིན་ལ། དགོན་པ་ཁ་ཤས་ལ་ད་དུང་ཆེད་སྦྱོང་ཚན་ཁང་དཔེར་ན་རྒྱུད་པ་གྲྭ་ཚང་དང་སྨན་པ་གྲྭ་ཚང་སོགས་ཡོད། སྤྱིར་དགོན་པའི་སློབ་གཉེར་ལམ་ལུགས་དེ་མདོ་དང་སྔགས་ཞེས་དབྱེ་མཚན་ཆེ་བ་གཉིས་སུ་དབྱེ་ནས་སློབ་གཉེར་བྱེད་ཀྱི་ཡོད་ལ། མདོ་ཕྱོགས་སུ་གཞུང་བཀའ་པོད་ལྔ་ལ་འཆད་མཉན་བློ་སྦྱོང་བྱེད་པ་དང་། སྔགས་ཕྱོགས་སུ་སྔགས་རྒྱུད་སྡེ་བཞི་ལ་སློབ་གཉེར་མཛད་དགོས་པ་ཡིན། གཞུང་བཀའ་པོད་ལྔ་ལ་སྦྱང་ཚུལ་ནི་གཞུང་དོན་འབྱེད་པའི་རིགས་པ་ལ་སྦྱང་བའི་ཆེད་དུ་ཚད་མ་དང་། ཐེག་པ་ཆེན་པོའི་སྤྱོད་ཚུལ་ཤེས་པའི་ཆེད་དུ་ཕར་ཕྱིན། ཐེག་པ་ཆེན་པོའི་ལྟ་བ་ཤེས་པའི་ཆེད་དུ་དབུ་མ། ཐེག་དམན་གྱི་ལྟ་བ་ཤེས་པའི་ཆེད་དུ་མངོན་པ། ཐེག་དམན་གྱི་སྤྱོད་པ་ཤེས་པའི་ཆེད་དུ་འདུལ་བ་སྦྱང་དགོས་པ་ཡིན།
དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ཀུན་ལ་སྦྱངས་པ་གནད་སྨིན་བྱས་ཏེ་མཁས་པའི་ཕ་མཐར་སོན་པ་ན་མཁན་པོ་དང། སློབ་དཔོན། པཎྜི་ཏ། བཀའ་བཞི་པ། བཀའ་བཅུ་པ། རབ་འབྱམས་པ། ལྷ་རམས་པ། ཚོགས་རམས་པ། གླིང་བསྲེ་པ། རྡོ་རམས་པ་སོགས་རང་གི་ཡོན་གནས་དང་འཚམ་པའི་མཚན་རྟགས་ཀྱི་ཐ་སྙད་མི་འདྲ་བ་ཇི་སྙེད་ཅིག་བཏགས་ཏེ་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་ཆོས་སྡེ་ཆེན་པོ་རྣམས་ཀྱི་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཡོད།
བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ལམ་ལུགས་ཁྲོད་ཀྱི་ཆེས་མཐོ་བའི་བསླབ་གནས་ཐོབ་ཐང་ངམ་གཟི་བརྗིད་ངོ་མཚར་བ་དེ་ནི་དགའ་ལྡན་ཁྲི་བའི་མཚན་གནས་ཡིན་ལ། མཚན་གནས་དེ་ནི་ནང་རིག་ཤེས་བྱའི་རྩེར་སོན་པའི་མངོན་རྟགས་ཤིག་ཡིན། དེ་ཡང་རྗེ་ཙོང་ཁ་པའི་ཆོས་ཀྱི་རྒྱལ་ཚབ། སེ་འབྲས་དགའ་གསུམ་གྱི་དགེ་འདུན་པའི་ནང་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་དགེ་བཤེས་ཀྱི་གོ་མིང་ཐོབ་རྗེས། རྒྱུད་གྲྭ་སྟོད་སྨད་གང་རུང་ཞིག་ལ་ཞུགས་ནས་དེའི་དགེ་བསྐོས་དང་། དབུ་མཛད། མཁན་པོ། མཁན་ཟུར་བཅས་རིམ་བཞིན་གནང་རྗེས་དགའ་ལྡན་ཁྲི་པ་འཕོ་འདས་བྱུང་ན་དེའི་གསར་ཁྲིར་མངའ་གསོལ་གནང་གི་ཡོད། དེ་ལྟར་བོད་ཀྱི་དགོན་པའི་སློབ་གསོ་ལ་སྒྲིག་འཛུགས་ཡོད་པ། དབུ་ཁྲིད་ཡོད་པ། ལམ་ལུགས་ཡོད་པ། ཚད་གཞི་ཡོད་པ་ཞིག་ཡིན།
དེར་བརྟེན་བོད་ཀྱི་ཡུལ་དུ་རབ་བྱུང་གི་སྡེ་ལ་མི་དམངས་ཡོངས་ཀྱིས་བརྩི་བཀུར་བླ་ན་མེད་པ་བྱེད་ཅིང་། ཡུལ་མི་སུ་ཡིན་རུང་རབ་ཏུ་བྱུང་ན་གཟི་བརྗིད་ཅིག་དང་། རྣམ་དཀར་དགེ་པའི་ལས་དང་བསོད་ནམས་བསགས་པའི་འབྲས་བུ་ཞིག་ལ་ངོས་འཛིན་བྱེད། སྔར་བོད་མིའི་ཁྱིམ་ཚང་རེ་ནས་རབ་བྱུང་གཅིག་རེ་དང་དེ་ལས་མང་བ་ཡོད། དེ་བཞིན་སྲིད་གཞུང་དང་དགོན་པའི་ངོས་ནས་ཕོ་མོ་དབུལ་ཕྱུག་མཆོག་དམན་སུ་རབ་ཏུ་བྱུང་ཡང་དེར་ཡི་རང་དང་རྒྱབ་སྐྱོར་གནང་བ་ལས་དགག་པ་དང་བཀག་འགོག་ནི་དུས་དང་རྣམ་པ་ཀུན་ཏུ་བྱེད་སྲོལ་མེད།
བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་སྟེ་སྤྱི་ལོ་ ༡༩༥༩ ལོའི་གོང་དུ་གདན་ས་གསུམ་ལས་དགའ་ལྡན་དགོན་པར་དགེ་འདུན་པའི་ཞལ་གྲངས་ ༥༤༠༠ ལྷག་ཙམ ཡོད་པ་དང་། འབྲས་སྤུངས་དགོན་པར་ ༤༠༠༠ ལྷག་ཙམ། སེ་ར་དགོན་པར་དགེ་འདུན་པར ༩༩༠༠ སྐོར་ཡོད་ལགས། ཞེས་བཀོད་ཡོད་པ་ཚིག་མཛོད་དང་ལོ་རྒྱུས་དེབ་ཐར་སོགས་ལས་མིག་མཐོང་ལག་ཟིན་གྱི་དོན་དངོས་གནས་ཚུལ་ཡིན།
འོན་ཀྱང་སྤྱི་ལོ་ ༡༩༤༩ ལོའི་ནས་རྒྱ་དམར་གྱི་བོད་དབང་སྒྱུར་བྱས་རྗེས། བོད་ཀྱི་དགོན་སྡེ་དང་རབ་བྱུང་པར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བྱུར་ཉེས་ཕྲད་དང་འཕྲད་བཞིན་ཡོད། ད་ལྟ་གདན་ས་གསུམ་ལས་དགའ་ལྡན་དགོན་ལ་དགེ་འདུན་པའི་ཞལ་གྲངས ༤༨༠ དང་། འབྲས་སྤུངས་དགོན་པར་ད་ལྟ་ཚོགས་གྲལ་དུ་ཚུད་ཡོད་མཁན་ ༥༠༠ ཚུད་མེད་མཁན་༢༦༠ ། སེ་ར་དགོན་པར་ད་ལྟ་ཚོགས་གྲལ་དུ་ཚུད་ཡོད་མཁན་ ༥༠༠ དང་ཚུད་མེད་མཁན་ ༢༠༠ ཡོད་ཚུལ་འདུག འདི་ད་དུང་དགེ་འདུན་པར་སྐུལ་འགྱེད་གཏོང་སྐབས་ཀྱི་ཞལ་གྲངས་ཡིན་ཞིང་། དོན་དངོས་ཐོག་འདི་འདྲ་མེད་པ་གསལ་པོ་ཡིན། དགེ་འདུན་པའི་ཞལ་གྲངས་འདི་སྔོན་དང་བསྡུར་ན། དགའ་ལྡན་དགོན་ལ ༩༡±༡% ཇེ་ཉུང་དུ་སོང་ཡོད་པ་དང་། འབྲས་སྤུངས་དགོན་ལ་ ༨༧±༥% ཇེ་ཉུང་དུ་སོང་བ་དང་། སེ་རར་ ༩༥% ཇེ་ཉུང་དུ་སོང་། གདན་ས་གསུམ་ལ་ཆ་སྙོམ་བྱས་ཏེ་སྔོན་དང་བསྡུར་ན་ད་ལྟ་དགེ་འདུན་པ་ ༧±༧% ལས་མེད་པ་དང་། ༩༢±༣% ཇེ་ཉུང་དུ་སོང་ཡོད་པ་རེད། རྒྱ་དམར་གྱིས་སྤེལ་པའི་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་ནང་བོད་ཀྱི་དགོན་སྡེ་ ༩༩% ཡན་རྩ་གཏོར་བཏང་། དགེ་འདུན་པ་རྣམས་དམར་གསོད་དང་། འཛིན་བཟུང་། ངལ་རྩོལ་བསྒྱུར་བཀོད། བཙན་དབང་གིས་སྐྱ་སར་ཕབ་པ་སོགས་ཀྱིས་གཅིག་ཀྱང་ལྷག་མེད། སྤྱི་ལོ་ ༡༩༨༠ ལོའི་ནང་ནས་བཟུང་ཆོས་ལུགས་དད་མོས་སླར་གསོ་བྱས་རྗེས། བོད་རིགས་མི་དམངས་ཀྱིས་ངལ་བ་ཁྱད་བསད་ཀྱིས་དཀའ་ལས་དུ་མ་བརྒྱབ་སྟེ་དགོན་སྡེ་གང་མང་བསྐྱར་བཞེངས་གནང་ཡོད་ཀྱང་། ཕྱིས་སུ་རྒྱ་དམར་གཞུང་གིས་བོད་མིར་དམ་བསྒྲགས་ཉིན་རེའི་བཞིན་ཆེ་རུ་བཏང་སྟེ་དགོན་སྡེ་ཁག་ནི་གནོད་འཚེ་ཕོག་ས་ཆེས་ཤོས་ཆགས་བསྡད་ཡོད།
མིག་སྔར་བོད་ཡོངས་ཀྱི་དགོན་སྡེ་ཁག་ནང་བཅའ་སྡོད་ལས་བྱེད་མངགས་གཏོང་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་ཚོས་དགོན་པའི་ལས་དོན་ཡོངས་རྫོགས་སྟངས་འཛིན་བྱེད་ཀྱི་ཡོད། དུས་མཚུངས་སུ་ཏང་གི་སྲིད་ཇུས་ཁྱབ་བསྒྲགས་རྒྱ་ཆེ་སྤེལ་ཏེ། ཆབ་སྲིད་ཡིག་ཆས་ནང་པའི་བཀའ་བསྟན་གྱི་ཚབ་བྱེད་ཐབས་དང་། དབེན་ཞིང་ཁྱད་དུ་འཕགས་པའི་དགོན་པ་དེ་དག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ས་དང་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་ཞིག་ཏུ་བསྒྱུར། དེ་ཡང་བོད་རང་སྐྱོང་ལྗོངས་ཁོ་ནའི་ནང་བཤད་ན་དགོན་སྡེ་ ༡༧༠༠ ཡོད་པ་དང་། དགོན་པའི་བཅའ་སྡོད་ལས་བྱེད་ཀྱང་ ༧༠༠༠ ལྷག་ལ་སླེབས་ཡོད། བཀའ་བརྒྱུད་ཀྱི་དགོན་པ་ཁག་གཅིག་ནང་ལྕུང་ཀའི་ཚང་ལ་ཕོ་རོག་འཛུལ་བ་ལྟར་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ནི་དགོན་པའི་དགེ་འདུན་པའི་གྲངས་ལས་ཀྱང་མང་བ་ཆགས་ཡོད་པ་མ་ཟད། ལས་བྱེད་པས་དགོན་པའི་ལས་དོན་ཁྱོན་ཡོངས་ལ་ཐེ་གཏོགས་བྱས། ཐ་ན་དགོན་པ་ཁག་གཅིག་ནང་དམག་མི་དང་། ཉེན་རྟོག་པ། བཅའ་སྡོད་ལས་བྱེད་ཚོའི་གཉའ་གནོན་འོག་དགོན་པ་རྦད་དེ་སྒོ་བརྒྱབ་ཡོད། དཔེར་ན་འབྲི་རུ་རྫོང་གི་ལྟར་མོས་དགོན་པ་དང་། རབ་བརྟན་དགོན་པ་སོགས། “རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ”ཡིག་རྒྱུགས་མ་འཕྲོད་ཚེ་གྲྭ་བཙུན་རྣམས་ཕྱིར་འབུད་གཏོང་རྐྱང་དང་། དེ་རྗེས་གྲྭ་ཤག་ཀྱང་གཏོར་བཤིག་བཏང་སྟེ་རྩ་མེད་བཟོ་གི་ཡོད།
བོད་དུ་བྱིས་པ་རབ་ཏུ་བྱུང་བ་ལ་ངེས་པར་དུ་རྒྱ་དམར་གཞུང་གི་ཆོག་མཆན་ཡོད་དགོས། དེ་ཡང་ཆ་རྐྱེན་ལྔ་ཚང་དགོས་ངེས་ཡིན། དང་པོ། དགོན་པ་ཡོངས་ལ་དགེ་འདུན་པའི་ཞལ་གྲངས་ཚད་བཀག་བྱས་ཏེ་དགོན་པའི་གཞི་རྒྱ་ཆེ་ཆུང་དང་ཡང་ན་ཆབ་སྲིད་ཀྱི་གནད་ཆེ་ཆུང་ལ་བལྟས་ཏེ་གྲྭ་པའི་གྲངས་གཏན་འབེབས་བྱས་ཡོད། གྲངས་ཚད་དེ་ལས་བརྒལ་མི་ཆོག དེ་སྔོན་དང་བསྡུར་ན་ས་བཅད་མ་སྟོང་པ་ཙམ་ལས་མེད། གཉིས་པ། བོད་རིགས་ཀྱི་བྱིས་་པ་དགོན་པར་ཞུགས་ཏེ་རབ་ཏུ་བྱུང་འདོད་ན་ངེས་པར་དུ་རང་ལོ་བཅོ་བརྒྱད་ཡན་ལ་སླེབས་དགོས། གསུམ་པ། གཞི་རིམ་གྱི་སློབ་གསོ༼རྒྱ་ཡིག༽བརྒྱུད་རིམ་ངེས་པར་འགྲོ་དགོས། བཞི་པ། ད་དུང་ས་གནས་རང་གི་དགོན་པར་ཞུགས་རྒྱུ་ལས་དགོན་སྡེ་གཞན་ལ་ཞུགས་མི་ཆོག ལྔ་པ། བྱས་ཉེས་བསགས་པའི་ལོ་རྒྱུས་མེད་མཁན། ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན་ཡོད་མཁན་ཡིན་དགོས། ཆ་རྐྱེན་ལྔ་པོ་འདི་ཚང་ན་གཞི་ནས་གྲྭ་པ་བྱེད་ཆོག ཆ་རྐྱེན་ལྔ་པོ་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་དང་རབ་བྱུང་བའི་འགྲོ་ལུགས་དང་མི་མཐུན་པ་མ་ཟད། ཐ་ན་རྒྱབ་འགལ་དུ་སོང་ཡོད།
༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་བོད་ཀྱི་བླ་ཆེན་དབུ་ཁྲིད་གཉིས་པ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་གྲངས་དྲུག་ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༤ སོང་ཡང་། ད་དུང་གསལ་ཆ་མེད་པའི་ངང་གནས་མུས་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ནི་འཛམ་གླིང་ཐོག་བཙན་གཤེད་ངང་གར་སོང་ཆ་མེད་དུ་གྱུར་བའི་གྱོད་གཞིའི་ཁྲོད་ལོ་ན་ཆུང་ཤོས་དང་། མཚན་གནས་མཐོ་ཤོས། གར་སོང་ཆ་མེད་དུ་གྱུར་བའི་དུས་ཡུན་རིང་ཤོས་དེ་ཆགས་ཡོད། བྱིས་པ་ལོ་དྲུག་ཅན་ཞིག་ལ་ནག་ཉེས་གང་ཡོད་དམ། བྱམས་སྙིང་རྗེ་དང་ལྡན་པ། སེམས་ཅན་བདེ་བར་འགོད་མཁན་གྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ལ་ནག་ཉེས་གང་ཡོད་དམ། རྒྱ་གཞུང་གིས་འཛེམ་ཟོན་གང་ཡང་མི་བྱེད་པར་པཎ་ཆེན་རིན་པོ་ཆེ་མི་ལོ་ ༢༠ ལྷག་ལ་བཙོན་འཇུག་བྱས་པ་རེད། འདི་ནི་རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱབ་འགལ་སོང་བ་མ་ཟད། དེ་བས་ཚབས་ཆེ་བ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་ཁྲིམས་ལུགས་དང་རྦད་དེ་འགལ་བསྡད་ཡོད། ད་ཆ་རྒྱ་ནག་གཞུང་དེར་ལུགས་མཐུན་གྱི་འགྲེལ་བཤད་ཅིག་དགོས་པའི་དུས་ལ་བབ་ཡོད།
རྒྱ་ནག་གཞུང་གིས་ད་དུང་འཛེམ་ཟོན་གཏན་ནས་མེད་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་ངོ་མ་དགེ་འདུན་ཆོས་ཀྱི་ཉི་མ་རྩིས་མེད་དུ་བཏང་སྟེ། དབང་ཤེད་བསྙོན་ཧམ་ངང་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་ཆོ་ག་དང་སྲོལ་རྒྱུན་རིག་གནས་དང་རྒྱབ་འགལ། བོད་མི་དམངས་ཀྱི་སེམས་ཚོར་ལ་སྣང་མེད། མི་བདེན་རྫུན་སྒྲིག་དང་། ལེགས་ཚབ་ངན་འཇུག རང་འདོད་མཐའ་སྐྱེལ་ངང་ཆབ་སྲིད་ཀྱི་པཎ་ཆེན་རྫུན་མ་ཞིག་བསྐོ་གཞག་བྱས་པ་མ་ཚད། གང་ཐུབ་ཅི་ཐུབ་ཀྱིས་བོད་ཁུལ་དུ་པཎ་ཆེན་རྫུན་མར་ཐུམ་སྒྲིལ་ཏེ་འགྲེམ་ཚོང་བྱེད་ཅིང་། བཙན་དབང་ཐོག་བོད་རྒྱ་ཆེའི་མི་དམངས་རྣམས་ལ་ཆ་རྐྱེན་གང་ཡང་མེད་པའི་འོག་པཎ་ཆེན་རྫུན་མར་དད་པ་བྱེད་འཇུག་གི་ཡོད།
རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ལོ་བཅུ་ཕྲག་གཉིས་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཚད་ལས་འདས་པའི་མཚན་སྨད་ཞུས་པ་དང་། “ཏཱ་ལའི་བླ་མ་ནི་ཆོས་གོས་གྱོན་པའི་སྤྱང་ཀི་དང་། མི་གདོང་སྤྱང་སེམས་ཀྱི་གདོན་འདྲེ་་་་་་”ཟེར་བ་སོགས་ཆེས་ཐ་ཤལ་གྱི་ཚིག་བརྗོད་བེད་སྤྱད་ནས་སྐྱོན་བརྗོད་བྱས་ ཡོད། མཇུག་འབྲས་ནི་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཏེ། མཐར་གཏུགས་ན་སོ་སོའི་ངོ་གདོང་ངོ་མར་དེ་ཕྱིར་བཏོན་བྱས། རྒྱ་དམར་གཞུང་གིས་རང་ཉིད་ཀྱིས་༸གོང་ས་ཏཱ་ལའི་བླ་མར་སྐུར་འདེབས་བྱས་པ་མ་ཟད། བོད་ནང་གི་དགོན་སྡེ་གཙོས་བོད་མི་སྐྱ་སེར་རྣམས་ལ་ཡོངས་གྲགས་ཐོག་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཙན་ཤེད་ངང་སྐུར་འདེབས་བྱེད་བཅུག་གི་ཡོད། ཐ་ན་བཙུན་མ་ཚོར་གོང་ས་མཆོག་གི་སྐུ་པར་ལ་རྡོག་བརྫིས་གཏོང་བཅུག་པ་དང་། ཏཱ་ལའི་བླ་མར་དད་པ་མི་བྱེད་པའི་མནའ་གན་དམ་བཅའ་བཞག་བཅུག་པ། བོད་མིའི་ཁྱིམ་ཚང་ནང་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བཀག་འགོག་དང་། དེའི་ཚབ་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མའོ། ཏེང་། ཅང་། ཧུའུ། ཞིས་བཅས་ཀྱི་འདྲ་པར་འགེལ་བཅུག་གི་ཡོད། གལ་སྲིད་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཡོད་པ་ཤེས་རྟོག་བྱུང་ཚེ། ཁྲིམས་ཆད་གཅོད་རྒྱུ་ཡིན་པ་ནི་ལྡོག་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་རྒྱ་དམར་གཞུང་གིས་ཕྱོགས་གཅིག་ནས་ཏཱ་ལའི་བླ་མའི་མ་འོངས་ཡང་སྲིད་དེ་རྒྱ་དམར་རང་གིས་ཐག་གཅོད་ངོས་འཛིན་བྱེད་རྒྱུ་ཡིན་ཞེས་ཡང་ཡང་བཤད་ཀྱིན་ཡོད་ལ་གྲ་སྒྲིག་ཀྱང་བྱས་བསྡད་ཡོད། བྱེད་སྟངས་འདི་ཧ་ཅང་དགོད་བྲོ་བ་ཞིག་མ་ཡིན་ནམ།
རྒྱ་དམར་གཞུང་ནས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས》ཟེར་བ་གཏན་འབེབས་དང་། གོ་སྐབས་འདི་དང་བསྟུན་ཏང་སྲིད་ཁག་གི་དཔོན་རིགས་ཚོས་གོང་ཚད་མཐོ་པོ་བླངས་ཏེ་སྤྲུལ་སྐུ་རྫུན་མ་འབོར་ཆེན་བཟོ་ཐབས་བྱས་པས། རྫུན་མས་ངོ་མ་དཀྲུག་པའི་གནས་སུ་སླེབས་ཡོད། དུས་མཚུངས་སུ་ས་ཁུལ་རང་བཞིན་དང་རྒྱལ་ཡོངས་རང་བཞིན་གྱི་ཤུགས་རྐྱེན་ཡོད་པའི་སྤྲུལ་སྐུ་ངོ་མ་རྣམས་སྒོ་ཁ་ནས་བཀག་སྟེ་ནང་དུ་འཛུལ་མི་ཆོག་པ་དང་། ཡང་ན་ཏང་གི་ཁ་ལ་མི་ཉན་པའི་སྤྲུལ་སྐུ་དེ་དག་སྔ་ས་ནས“སྐུ་མྱ་ངན་ལས་འདས”བཅུག་གི་ཡོད་པ་རེད། དོན་དངོས་ཐོག་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ལམ་ལུགས་དེ་རྩ་མེད་བཟོ་ཐབས་དང་། བོད་མི་གྲྭ་བཙུན་བྱེད་པར་ཚད་བཀག དེ་བཞིན་དགོན་པ་དང་ཆོས་ལུགས་ཀྱི་བྱ་བ་སྤེལ་ས་ཁག་ཚོང་ར་ཅན་དུ་གྱུར་ནས་འཇིག་རྟེན་པའི་བྱ་བ་ཕྱོགས་སུ་ཁ་སྒྱུར་བ་དེ་དག་བོད་བརྒྱུད་ནང་བསྟན་ཡོངས་སུ་རྩ་མེད་དུ་གཏོང་ཆེད་ཡིན།
མིག་སྔར་འཛམ་གླིང་ཐོག་གཞི་རྒྱ་ཆེ་ཤོས་ཀྱི་ནང་པའི་ལྟེ་གནས་སེར་རྟ་བླ་རུང་ནང་བསྟན་སློབ་གླིང་དང་ཡ་ཆེན་དགོན་བཅས་སྔ་རྗེས་སུ་གཞི་རྒྱ་ཆེན་པོའི་གཏོར་བཤིག་ཐེངས་ལྔ་བཏང་། དེ་ཡང་ ༢༠༠༡ ལོའི་ཕྱི་ཟླ་ ༦ ནང་གྲྭ་ཤག་ཁྱོན་གྲངས་ ༢༢༠༠ བཤིག་པ་དང་། ༢༠༠༢ ལོའི་ཕྱི་ཟླ་ ༤ ནང་གྲྭ་ཤག་ ༢༠ ལྷག་བཤིག ༢༠༡༦ ལོའི་ཕྱི་ཟླ་ ༧ ནང་ཁྱོན་གྲྭ་ཤག་ ༤༧༢༥ གཏོར་བཤིག་བཏང་། ༢༠༡༧ ལོའི་ཟླ་ ༤ ནང་གྲྭ་ཤག་ ༣༢༢༥ རྩ་གཏོར་བཏང་ཡོད་པ་རེད། གྲྭ་ཤག་གཏོར་བཤིག་བཏང་བ་དང་དུས་མཉམ་དུ་གྲྭ་བཙུན་སྟོང་ཕྲག་མང་པོ་ཡང་མཉམ་དུ་སློབ་གླིང་ནས་ཕྱིར་འབུད་གཏོང་གི་ཡོད། སྲིད་གཞུང་ནས་སློབ་གླིང་གི་མི་གྲངས་ ༥༠༠༠ ལས་ཉུང་བའི་ཚད་བཀག་བཟོས་པ་དེས་སློབ་གླིང་གི་གྲྭ་བཙུན་བརྒྱ་ཆ་བདུན་ཅུ་ཕྱིར་ཐོན་དགོས་པ་གསལ་པོ་མཚོན་ཐུབ། ༢༠༡༩ ལོའི་ཟླ་ ༦ པར་ཡ་ཆེན་དགོན་ནས་གྲྭ་བཙུན་གང་མང་ཕྱིར་འབུད་བཏང་། ཕྱིར་འབུད་བཏང་བའི་བཙུན་མ་ཚོ་ཕྱོགས་གཅིག་ཏུ་བསྡུས་ནས་བཙན་ཤེད་ཀྱིས་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ། དེ་སྔོན་བཙུན་མ་དེ་ཚོར་དམག་ཆས་གཡོག་སྟེ་བཙན་དབང་གིས་རྒྱལ་གཅེས་རིང་ལུགས་ཀྱི་བསྟོད་གླུ་ལེན་བཅུག་པ་མ་ཟད། གཞན་ཡང་སྡིངས་ཆའི་སྟེང་གྲྭ་ཆས་གྱོན་ཏེ་ངག་ནས་གླུ་ལེན་དང་ལུས་ཀྱིས་གར་འཁྲབ་བྱེད་བཅུག་གི་ཡོད་པ་སོགས། བོད་བརྒྱུད་ནང་བསྟན་ལ་འཚེ་བའི་བྱ་སྤྱོད་སྤེལ་བཞིན་པ་རེད། འདི་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་སྲུང་ཞེས་པ་ལས་རྦད་དེ་རྒྱབ་འགལ་ཆགས་ཡོད།
མདོར་ན་བོད་ཀྱི་ས་ཁུལ་དགོན་སྡེ་ཁག་དང་དགེ་འདུན་པའི་གནས་བབ་རྒྱ་དམར་གྱིས་དབང་སྒྱུར་མ་བྱས་གོང་དང་ད་ལྟ་གཉིས་བསྡུར་ན་གནམ་སའི་ཁྱད་པར་བྱུང་ཡོད་པ་རེད། དེ་ཡང་གཙོ་བོ་དགེ་འདུན་པའི་ཞལ་གྲངས་ཀྱི་ཆ་ནས་སྔོན་རྒྱ་མཚོ་ལྟ་བུ་དེ་ད་ལྟ་རྫིང་བུ་ཞིག་ཏུ་གྱུར་ཚར་བ་དང་། དགོན་པ་དོ་དམ་གྱི་ཆ་ནས་སྔོན་ཚགས་ཚུད་གོ་རིམ་ལྡན་པའི་ཆོས་ཕྱོགས་ཀྱི་གནས་མཆོག་དེ་ད་ལྟ་རྒྱ་དམར་གཞུང་གིས་གང་འདོད་ངང་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་ཏུ་བསྒྱུར། ཆོས་ཕྱོགས་ཀྱི་བྱེད་སྒོའི་ཆ་ནས་སྔོན་གཞུང་ཆེན་ལ་ཐོས་བསམ་སྒོམ་གསུམ་མཛད་པ་དེ་ཚབ་ཏུ་ད་ལྟ་རྒྱལ་གཅེས་རང་ལུགས་ལ་བཙན་དབང་གིས་སློབ་སྦྱོང་བྱེད་དུ་བཅུག སྔོན་རིག་གནས་ཀྱི་ལྟེ་བ་དང་འདུ་འཛི་མེད་པའི་ཁྱད་འཕགས་ཀྱི་དབེན་གནས་གདན་ས་རྣམས་ད་ལྟ་ཡུལ་སྐོར་སྤྲོ་འཁྱམ་དང་ཚོང་ལས་ཀྱི་ལྟེ་གནས་ཤིག་ཏུ་བསྒྱུར་ཟིན་པ་རེད།
༢༠༡༩ ལོའི་ཟླ་ ༨ ཚེས་ ༢༡ ཉིན།