ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ དང་ ༡༨ བཅས་ཉིན་གྲངས་གཉིས་རིང་བོོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲོག་དང་། ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སློབ་གྲྭ་ཁག་གི་རྒྱུས་སྟོན་པ་རྐྱང་པའི་ཟབ་སྦྱོང་ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས། སཾ་བྷོ་ཊའི་གཞིས་རིམ་ཤེས་ཡོན་སྲིད་བྱུས་ཀྱི་རྒྱུན་སྟོན་པ་པ་སངས་ཚེ་རིང་ལགས་དང་། བསྟན་འཛིན་ཆོས་སྒྲོན་ལགས། ཚེ་རིང་མཚམས་གཅོད་ལགས་བཅས་དང་། དེ་བཞིན་བོད་ཁྱིམ་ཤེས་ཡོན་སྲིད་བྱུས་ཀྱི་རྒྱུས་སྟོན་པ་མིང་ཆུང་ལགས་དང་། འཕྲིན་ལས་དཔལ་མོ་ལགས། བསོད་ནམས་རྒྱལ་པོ་ལགས། བལ་ཡུལ་དུ་རྟེན་གཞི་བྱས་པའི་གངས་ཅན་བོད་ཀྱི་ཐེབས་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་དང་མདུན་ལམ་སློབ་སྟོན་པ་རིན་ཆེན་དཔལ་འཛོམས་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་པདྨ་ཀྱིས་ཕེབས་བསུའི་གསུང་བཤད་གནང་བསྟུན་ཤེས་ལྷན་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ཟབ་སྦྱོང་གིདང་འབྲེལ་བའི་ངོ་སྤྲོདསྙིང་བསྡུས་ཤིག་གནང་།
དེ་ནས་ཟབ་སྦྱོང་བ་རྣམས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ལེའུ་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་ལྗགས་ཀློག་གནང་རྗེས་ཟབ་སྦྱོང་དངོས་སུ་དབུ་འཛུགས་ཀྱིས་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་ནང་གསེས་ཤེས་ཡོན་གྱི་ངོ་བོ་དང་ཤེས་ཡོན་གྱི་ངོས་འཛིན་སྐོར་ཟབ་ཁྲིད་དང་དོགས་འདྲི་ཁག་ལ་ལན་འདེབས་གནང་གྲུབ་མཚམས་ཆོས་རིག་བཀའ་བློན་མཆོག་ལ་ཤེས་ལྷན་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་མཚོན་སླད་ཕྱག་རྟགས་ཤིག་ཕུལ།
སྤྱིར་ཐེངས་འདིའི་ཟབ་སྦྱོང་ནང་ཆོས་རིག་བཀའ་བློན་མཆོག་གིས་ཤེས་ཡོན་གྱི་ངོ་བོ་དང་ཤེས་ཡོན་གྱི་ངོས་འཛིན་སྐོར་དང་། ཤེས་རིག་དེང་རབས་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཤེས་ཡོན་གྱི་དགོས་པ་དང་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་སྐོར། ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་སྒྲིག་ཁྲིམས་ལྡན་པའི་རང་དབང་གི་སྐོར། ཟུང་དྲུང་བསྟན་འཛིན་པདྨ་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྐོར་བཅས་ལ་ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་བཅས། །