ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་སྟེང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་དང་པོའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་གནང་བའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར། སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུའི་ཆ་རྐྱེན་འོག དེ་སྔའི་ཁྲིམས་ཞིབ་པ་ཆེ་བ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དེ་སྔའི་སུད་སི་སྐུ་ཚབ་དོན་གཅོད་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་མཐའ་མའི་འོས་གཞིར་བདམས་ཐོན་བྱུང་འདུག
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པར་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་འོས་འདེམས་གནང་ཆེད་སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དེ་སྔའི་སུད་སི་སྐུ་ཚབ་དོན་གཅོད་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་གསང་བའི་འོས་ཤོག་འཕངས་ཡོད་ཁོངས་ནས་དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་འོས་གྲངས་ ༣༠ ཐོབ་ཡོད་པ་དང་། སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་སུ་འོས་གྲངས་ ༨ སྟོང་པ་ ༣ དང་རྩིས་མེད་ ༡ བཅས་བྱུང་སྟེ། དྭགས་པོ་བསོད་ནམས་ནོར་བུ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་བའི་གསལ་བསྒྲགས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གནང་ཡོད།
དྭགས་པོ་བསོད་ནམས་ནོར་བུ་ལགས་ནི། ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༢༠ ནས་གནས་བརྒྱད་པ་ཐོག་ལྡི་ལི་དོན་གཅོད་ཆབ་སྲིད་སྡེ་ཚན་གྱི་རྒན་དྲུང་དུ་བསྐོ་གཞག་གནང་བ་དང༌། ཕྱི་ལོ་ ༡༩༩༠ ཟླ་ ༩ ཚེས་ ༣ ནས་གནས་བདུན་པ་གནས་སྤར་གྱིས་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་དྲུང་གཞོན་དུ་གནས་སྤར་དང་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༨ ནས་ཟུང་འབྲེལ་དྲུང་ཆེར་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་ལོ་ ༡ རིང་ཨ་རིར་གཞུང་འབྲེལ་སློབ་སྦྱོང་དུ་བསྐྱོད། ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་སུ་རྒྱ་གར་དང་ཕྱི་སྡོད་རྒྱ་རིགས་ཀྱི་འབྲེལ་མཐུད་འགན་འཛིན་དུ་བསྐོ་གཞག ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡ ནས་གནས་རང་འཇགས་ཐོག་ལྡི་ལི་དོན་ཁང་གི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༩ ནས་དྲུང་འཕར་དུ་གནས་སྤར་གྱིས་ཕྱི་དྲིལ་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༩ ནས་དྲུང་ཡིག་ཆེན་མོར་གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༢ ནས་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དུ་གནས་སྤོས་བསྐོ་གཞག ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢ ནས་ཕྱི་དྲིལ་ལས་ཁུངས་སུ་ཕྱི་འབྲེལ་དྲུང་ཆེར་གནས་སྤོས་ཀྱིས་ཞབས་ཕྱི་ཞུ་མུས་སུ་ཡིན་པ་བཅས། །