ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༦ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༦ ནས་ཕྱི་ཟླ་ ༩ ཚེས་ ༧ བར་ཉིན་གྲངས་བཅུ་གསུམ་རིང་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་། བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པའི་སྐབས་དང་བསྟུན། ཕྱི་ཟླ་ ༩ ཚེས་ ༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་མ་ཧཱ་རཱཤཀྲ་གྲོང་ཁྱེར་དུ་ལེ་ Dhule ཞེས་པའི་ས་གནས་སུ་བོད་མི་སུད་ཚོང་བ་རྣམས་ཀྱི་ཁྲོམ་ཟོག་ལ་གློ་བུར་མེ་སྐྱོན་ཚབས་ཆེ་ཤོར་བར་བརྟེན། ནང་སྲིད་བཀའ་བློན་མཆོག་ཁུལ་དེར་ཕྱི་ཚེས་ ༥ ཉིན་ནཱག་པུར་གྲོང་ཁྱེར་དུ་ཛ་དྲག་ངང་ཕེབས་ནས་འབྲེལ་ཡོད་ཚོང་པའི་སྐུ་ཚབ་བོད་མི་བཅུ་གཉིས་དང་ལྷན་ཐུག་འཕྲད་གནང་སྟེ་དཀའ་ངལ་ཞུས་པ་རྣམས་ཞིབ་ཕྲ་གསན་འཇོག་གནང་འདུག སྐབས་དེར་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་སྐུ་ཚབ་གཅིག་ཀྱང་ཕེབས་འདུག
མེ་སྐྱོན་དེའི་འོག་ཁྲོམ་ས་བཅུ་གཉིས་ཀྱི་བལ་གོས་ཤུལ་མེད་དུ་ཕྱིན་པ་དང་། འབུམ་ཉིས་བརྒྱ་ཙམ་གྱི་ཁྲོམ་ཟོག་ལ་མེ་སྐྱོན་ཤོར་འདུག འབུམ་ཉིས་བརྒྱ་ནས་བོད་མི་སུད་ཚོང་བ་ཚོས་འབུམ་ ༥༢ སྔ་འདོན་དུ་སྤྲད་ཟིན་འདུག ནང་སྲིད་བཀའ་བློན་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ཛ་དྲག་ངལ་སེལ་རོགས་དངུལ་ནས་ཧིན་སྒོར་འབུམ་ལྔ་གནང་རྒྱུའི་ཁས་ལེན་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་སྤྱི་དང་ལྷག་པར་འབྲེལ་ཡོད་ནང་སྲིད་ལས་ཁུངས་ཀྱིས་མེ་སྐྱོན་འོག་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ལ་མཐུན་འགྱུར་ཇི་དགོས་ཞུ་རྒྱུ་མ་ཟད། ཐེངས་འདིར་མེ་སྐྱོན་གོད་ཆག་ཕོག་པའི་སྐོར་བཀའ་ཤག་ལ་སྙན་སེང་ཞུ་རྒྱུ་ཡིན་སྐོར་གསུངས།
བོད་མི་སུད་ཚོང་བ་རྣམས་ལ་འདི་ལོའི་དགུན་ཁར་རྒྱུན་ལྡན་ལྟར་སུད་ཚོང་ཐུབ་སླད། སྐྱེད་མེད་བུ་ལོན་འོག་བལ་གོས་ཉོ་རྒྱུར་མཐུན་འགྱུར་གང་ཡོད་གནང་རྒྱུ་བཀའ་བློན་མཆོག་གིས་ཞལ་བཞེས་གནང་འདུག ཕྱོགས་མཚུངས་བཀའ་བློན་མཆོག་གིས་བོད་མི་ཚོང་པའི་ལྷན་ཚོགས་ཀྱིས་མཐུན་འགྱུར་འོག བོད་མི་ཚོས་ཀྱང་འབྲེལ་ཡོད་བལ་གོས་ཉོ་སའི་རྒྱ་གར་གྱི་སྦྱིན་བདག་རྣམས་དང་ཐུག་ནས་བདེ་སྡུག་ཞུ་དགོས་པ་དང་། དེ་བརྒྱུད་གུང་གསབ་གང་ཐུབ་ཐོབ་ཐབས་དགོས་པའི་ལམ་སྟོན་ཡང་གནང་འདུག
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་མེ་སྐྱོན་འོག་གྱོང་གུན་ཇི་ཙམ་བྱུང་བ་རྣམས་ལ་རྟོག་ཞིབ་མཐིལ་ཕྱིན་གནང་རྗེས་འབྲེལ་ཡོད་གཞུང་འབྲེལ་མིན་པའི་སྤྱི་སྒེར་གཏོང་འཕོད་ཅན་རྣམས་ལ་ཛ་དྲག་ངལ་སེལ་རོགས་རམ་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་རྒྱུ་ཡིན་སྐོར་གསུངས་འདུག་པ་བཅས། །