ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༦ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ལེགས་པར་གྲུབ་སྟེ་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། མི་མང་། སློབ་ཕྲུག་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཉིན་གྲངས་གསུམ་རིང་གི་འཚམས་གཟིགས་སྐབས་བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ། སཾ་བྷོ་ཊ་ཉིན་སློབ། སློབ་ཕྲུག་གི་སྡོད་ཁང་། ས་གནས་རང་བདེན་ཚོགས་ཆུང་། རྒས་གསོ་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ཡན་ལག་སྨན་རྩིས་ཁང་།དེ་བཞིན་དགོན་སྡེ་ཁག་དང་གཞིས་གྲོང་ཁག་སོགས་སུ་གཟིགས་སྐོར་གནང་སྟེ་དགེ་ལས་སློབ་ཕྲུག་དང་མི་མང་ལྷན་ཐུག་འཕྲད་གནང་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༢ ཉིན་ས་གནས་སུ་བཙན་བྱོལ་བོད་མིའི་མང་གཙོ་དུས་ཆེན་ཐེངས་ཐེངས་ ༥༩ སྲུང་བརྩིའི་མཛད་སྒོར་དབུ་བཞུགས་ཀྱིས་ས་གནས་བོད་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཤུགས་རྐྱེན་སླེབ་བཞིན་ཡོད་པའི་སྐོར། དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་བཞུགས་སྒར་རྡ་སར་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་གནང་རྒྱུ་སོགས་ཀྱི་སྐོར་གསུང་བཤད་གནང་འདུག
བཀའ་བློན་མཆོག་མན་སྦར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ལེགས་གྲུབ་རྗེས་བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་གནང་ཡོད་པ་བཅས། །