ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་གོ་སྒྲོག་འོག་རྡ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༧ ནས་ ༡༣ བར་ཉིན་གྲངས་བདུན་རིང་ན་གཞོན་ནུས་སྟོབས་གོང་འཕེལ་ཟབ་སྦྱོང་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་།
དེ་ཡང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས། སྦེང་ལོར་ནས་ཆེད་མངགས་ཕེབས་པའི་ཟབ་ཁྲིད་པ་སྐུ་ཞབས་སུ་ནིལ་གྷིར་དར་ Sunil Girdhar ལགས་དང་། སྐུ་ཞབས་ན་ལིན་སིངྒ་ Nalin Sing ལགས་རྣམ་གཉིས། ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་ཐུབ་བསྟན་རིན་འཛིན་ལགས། བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་གྱིས་གཙོས་འབྲེལ་ཡོད་ལས་བྱེད། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་འདྲ་མིན་ ༡༡ ནས་ཕེབས་པའི་ཚོགས་བཅར་བ་ཁྱོན་མི་གྲངས་ ༢༠ བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་ཟབ་ཁྲིད་པ་རྣམ་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་ཐུབ་བསྟན་རིན་འཛིན་ལགས་ཀྱིས་ཉིན་གྲངས་བདུན་གྱི་ཟབ་སྦྱོང་གི་ལས་རིམ་ཁག་ངོ་སྤྲོད་མདོར་བསྡུས་དང་། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ཚོགས་བཅར་བ་རྣམས་ལ་མི་ཚེའི་མདུན་ལམ་བཟང་ཕྱོགས་ནས་སྐྱེལ་དགོས་རྒྱུ་དང་། ལས་དོན་ལ་སོགས་བྱེད་སྐབས་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་དེར་གདོང་ལེན་ཇི་ལྟར་བྱེད་དགོས་སྐོར་དང་། གཞན་ཡང་ཟབ་སྦྱོང་སྐབས་བོད་པའི་སྤྱི་ཚོགས་ཁྲོད་ཞབས་འདེགས་ཞུས་པའི་བོད་མི་མི་སྣ་ཁག་གཅིག་གི་གསུང་བཤད་ལས་རིམ་ཡོད་སྐོར་སོགས་ཀྱི་གསུངས་རྗེས་ཚོགས་བཅར་བ་རེ་རེ་བཞིན་ངོ་སྤྲོད་གནང་།
དེ་རྗེས་ནང་སྲིད་དྲུང་ཆེ་དཔེ་ཟུང་དབང་འདུས་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། བཀུར་འོས་སྦེང་ལོར་ནས་ཕེབས་པའི་ཟབ་ཁྲིད་པ་རྣམ་གཉིས་དང་། ན་གཞོན་རོགས་སྐྱོར་ཚན་པས་རྣམ་པ་ཚོ་འདིར་བསྐོང་ཚོགས་གནང་ཐུབ་པར་འགན་འཛིན་གྱིས་གཙོས་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། རྣམ་པ་ཚོ་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། ནང་སྲིད་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི། བོད་པའི་སྤྱི་ཚོགས་གང་འདྲ་ཞིག་རུང་འཚོ་བ་སྐྱེད་སྲིང་ཡར་རྒྱས་གཏོང་ཐབས་དང་། འཚོ་བའི་ཐབས་ལམ་བསྐྲུན་རྒྱུ་ཡིན།
སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཡོངས་ལ་ཐུགས་འགན་ཆེན་པོ་ཡོད། འོན་ཀྱང་ནང་སྲིད་ལས་ཁུངས་དེ་བཞིན་མང་ཚོགས་དང་ལྷན་དུ་ཐད་ཀར་འབྲེལ་བ་ཡོད་སྟབས། ལས་འགན་ཆེན་པོ་ཞིག་ཆགས་ཡོད། ད་རེས་ཟབ་སྦྱོང་དུ་ཕེབས་པའི་ཚོགས་བཅར་བ་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་འདུག མི་ཚེའི་ནང་མདུན་བསྐྱོད་བྱེད་སྐབས་མདུན་ལམ་གྱི་འདེམས་ཀ་མི་ནོར་བ་བྱེད་དགོས་པ་དང་། འདེམས་སྒྲུག་རྗེས་བློ་རྩེ་གཅིག་ཏུ་གཏད་དེ་དཀའ་ལས་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དཀའ་ལས་བརྒྱབ་ནས་ལས་དོན་མི་སྒྲུབ་མ་གཅིག་རྐྱང་མེད། མདུན་ལམ་དེ་བཞིན་རང་ཉིད་དགའ་མོས་ཡོད་པའི་ལས་རིགས་ཤིག་གི་ཐོག་བསྐྱོད་ཐུབ་ཚེ་ཡག་པོ་ཡོང་ངེས་ཡིན། གཙོ་བོ་ལས་རིགས་སོགས་བྱེད་སྐབས་སེམས་ཤུགས་མ་ཆག་པར་བརྩོན་འགྲུས་བྱེད་རྒྱུ་གལ་ཆེན་པོ་ཡིན། མཐར་ཟབ་སྦྱོང་འདི་བརྒྱུད་ཐུགས་ཕན་གསོ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་ནང་སྲིད་དྲུང་ཆེ་ལགས་སུ་ཐུགས་རྗེ་ཆེ་ཞུའི་མགུལ་དར་དང་ཕྱག་རྟགས་གནང་། ཕྱོགས་མཚུངས་ཟབ་ཁྲིད་པ་རྣམ་གཉིས་ལའང་ཐུགས་རྗེ་ཆེ་མཚོན་སླད་མགུལ་དར་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་བ་བཅས། །