ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡ ནས་ ༣ བར་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་གཉིས་ཟུང་འབྲེལ་ཐོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ལྔ་པ་གོ་སྒྲིག་གནང་བ་དེ་ལེགས་གྲུབ་བྱུང་འདུག
དེ་ཡང་ལྷན་ཚོགས་དབུ་འབྱེད་སྐབས། སེར་སྨད་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་རིང་མཆོག་དང་། ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བགྲེས་པ་བསོད་ནམས་རྒྱལ་མཚན་ལགས། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་བཅས་དབུ་བཞུགས་ཐོག་མཛད་སྒོ་དབུ་འཛུགས་གནང་འདུག
སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་དབར་མཉམ་ལས་གན་ཡིག་བཞག་གནང་བར་བརྟེན། སེར་སྨད་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་རིང་མཆོག་གིས་ཀྱང་དེར་བསྔགས་བརྗོད་དང་སྦྲགས། བསྟི་གནས་ཁང་གཉིས་འབྱུང་འགྱུར་མཉམ་རུབ་ཐོག་ལས་དོན་སྤེལ་རྒྱུར་ཕན་ཐོགས་ངེས་ཅན་ཡོང་ངེས་སྐོར་སོགས་གསུངས། ལྷག་པར་རིན་པོ་ཆེས་དེ་སྔ་སློབ་དཔོན་ཟླ་བ་ནོར་བུ་ལགས་ལྟ་བུ་རྒྱལ་སྤྱིའི་དུས་དེབ་གྲགས་ཆེ་ཁག་གི་ནང་དུ་བོད་སྐོར་རྩོམ་ཡིག་སྤེལ་མཁན་ཉུང་ཤས་ལས་བྱུང་མེད་སྟབས། འབྱུང་འགྱུར་བོད་ཐོག་བོད་མི་རང་གིས་མཁས་པའི་ཆེད་རྩོམ་གང་མང་འདོན་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས།
ཕྱི་ཚེས་ ༣ ཉིན་མཇུག་སྡོམ་མཛད་སྒོ་ཚོགས་པ་དང་། སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ལྷན་ཚོགས་དེ་བཞིན་ཆེས་ཐོག་མ་ཕྱི་ལོ་ ༢༠༡༥ ལོར་དབུ་འཛུགས་གནང་བ་ནས་ད་བར་ཆེད་རྩོམ་དེ་དག་ཐོག་ཡར་རྒྱས་ཤུགས་ཆེ་ཕྱིན་པ་དང་། དེང་སྐབས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བྱས་དང་བྱེད་བཞིན་པར་ང་ཚོ་བོད་མིའི་ཉམས་ཞིབ་པ་དང་མཁས་པ་ཚོས་དེར་རྩོམ་ཡིག་དང་ཉམས་ཞིབ་ཀྱི་སྙན་ཐོ་སོགས་འདོན་སྤེལ་གནང་བ་བརྒྱུད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གཞུང་གི་རྫུན་བཤད་པ་དེ་དག་ལ་གདོང་ལེན་དགོས་གལ་སྐོར་སོགས་གསུངས། ལྷན་ཚོགས་སྐབས་བོད་རིགས་ན་གཞོན་ཉམས་ཞིབ་པ་གྲངས་ ༤༠ ཙམ་གྱི་ཆེད་རྩོམ་འདོན་སྤེལ་གནང་འདུག །