ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༥ རེས་གཟའ་ལྷག་པའི་ཉིན་གྱི་ཕྱེད་ཡོལ་ཆུ་ཆོད་ ༣།༣༠ ཐོག་བཀའ་ཤག་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་མཉམ་འཛོམས་ཀྱིས་ཐོག་མར་དྲིལ་བསྒྲགས་དྲུང་ཆེས་ངོ་སྤྲོད་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། ད་ཐེངས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ Tibet Policy and Support Act ཞེས་པ་གཏན་འབེབས་དགོས་པའི་ཁྲིམས་འཆར་ཞིག་ཨ་རིའི་གྲོས་ཚོགས་ནང་བཏོན་པ་རེད། དེར་ངས་བོད་མིའི་སྒྲིག་འཛུགས་དང་མི་མང་ཡོངས་ཀྱི་ཚབ་ཞུས་ནས་འབྲེལ་ཡོད་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དམིགས་བསལ་ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་ནག་ལས་དོན་ཚན་པའི་ཚོགས་གཙོ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་ James McGovern མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྤྱི་མཐུན་ཚོགས་པའི་སྐུ་ཞབས་མར་ཁོ་རུ་བྷིའོ་ Marco Rubio མཆོག་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པས་འགན་ཁུར་རྐང་བཞེས་ཐོག ད་ཐེངས་ཁྲིམས་འཆར་འདི་བཞིན་གཞུང་འབྲེལ་གྱི་ཁྲིམས་འཆར་ཆགས་ཀྱི་ཡོད་པ་མ་ཟད། འབྱུང་འགྱུར་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུར་རེ་བ་ཆེན་པོ་ཡོད།
ཁྲིམས་འཆར་དེར་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་མང་དག་ཅིག་གི་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་ཡིན། ཉེ་ལམ་ངས་ལྕམ་སྐུ་མཆོག་དང་མཇལ་འཕྲད་སྐབས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ ཞེས་པའི་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར་ཁོང་གིས་སྐབས་དེར་ཞལ་བཞེས་བཟང་པོ་གནང་བྱུང་། དེ་སྔོན་ཕྱི་ལོ་ ༢༠༠༢ ལོར་སྐབས་དེའི་ཁྲིམས་འཆར་ལའང་ལྕམ་སྐུ་མཆོག་ནས་རྒྱབ་སྐྱོར་གནང་ཡོད།
ང་ཚོའི་ངོས་ནས་གྲོས་ཚོགས་འོག་མའི་ཚོགས་གཙོའི་རྒྱབ་སྐྱོར་གནང་བར་བརྟེན་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་ཡོད། གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཡོད་སྟབས། དེ་སྔོན་ཕྲན་རང་ཝ་ཤིན་ཊོན་ཌི་སི་རུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས། ཆེད་མངགས་སྤྱི་མཐུན་ཚོགས་པའི་ Senator ནང་ནས་ཞབས་ལོ་བགྲས་པའི་གྲོས་ཚོགས་འཐུས་མི་དང་ཨ་རིའི་སྲིད་འཛིན་མཆོག་དང་ལྷན་དུ་འབྲེལ་ལམ་ཉེ་པོ་ཡོད་པའི་གྲོས་ཚོགས་འཐུས་མི་ Lindsey Graham མཆོག་དང་ Tom Cotton མཆོག་རྣམ་གཉིས་མཇལ་འཕྲད་ཀྱིས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་པ་བཞིན་རྒྱབ་སྐྱོར་གནང་འདུག
ཕྱོགས་མཚུགས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Senator Dianne Feinstein མཆོག་ཀྱང་མཇལ་འཕྲད་བྱུང་སོང་། ཕྱི་ལོ་ ༢༠༠༢ ལོར་ཐོག་མར་ཁྲིམས་འཆར་བཏོན་མཁན་ཡང་ Dianne Feinstein མཆོག་ཡིན་འདུག ད་ལན་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ Ed Markey མཆོག་ནས་ཀྱང་རྒྱབ་སྐྱོར་གནང་ཡོད། སྤྱིར་ཁྲིམས་འཆར་དེའི་ཐོག་སྤྱི་མཐུན་ཚོགས་པ་ནས་རྒྱབ་སྐྱོར་གནང་མཁན་འཐུས་མི་ ༤ དང་མང་གཙོ་ཚོགས་པ་ནས་འཐུས་མི་ ༢ ཆགས་ཡོད། སླར་ཡང་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་དམིགས་བསལ་ཨ་རིར་རྟེན་གཞི་བྱས་པའི་བོད་མི་ཡོངས་ནས་ཁྲིམས་འཆར་དེ་བཞིན་གལ་ཆེ་དོན་ཆེར་བརྩིས་ནས་ཟླ་ ༩ ནས་ ༡༢ བར་ཨ་རིའི་དཔོན་རིགས་དང་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་བོད་དོན་ཞུ་གཏུག་གང་མང་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་གསུང་བཤད་གནང་གྲུབ་མཚམས་དྲི་བར་ཁག་ལ་གསལ་བཤད་གནང་ཡོད།
ཁྲིམས་འཆར་གསར་པ་དེའི་ནང་དོན།
ཀ༽༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ཨ་རིའི་གཞུང་གིས་སྲིད་བྱུས་ལངས་ཕྱོགས་གཏན་འབེབས་དགོས་པ།
ཁ༽ བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་ངོས་འཛིན་ཞུ་དགོས།
ག༽ བོད་མིའི་སྒྲིག་འཛུགས་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ངོས་ལེན་ཞུ་དགོས་པ།
ང༽ བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ།
ཅ༽ གཞུང་འབྲེལ་འབྲེལ་ལམ་འཛུགས་ཐབས།