ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ ཉིན་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥི་རན་ཀི་ Frank Heinrich ལགས་ཀྱིས་སྣེ་ཁྲིད་པའི་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྐུ་ཚབ་མི་སྣ་དྲུག་བཞུགས་སྒར་རྡ་སར་འཚམས་གཟིགས་སུ་ཕེབས་འབྱོར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཕྱི་དྲིལ་སྣེ་ཤན་པ་མཁའ་འགྲོ་སྒྲོལ་མ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྐུ་ཚབ་མི་སྣ་དྲུག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལ་ཐུག་འཕྲད་གནང་ཡོད་པ་དང་། དགོང་དྲོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་ནས་འཇར་མན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བཀའ་ཤག་མཇལ་འཕྲད་ཁང་དུ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས་གསོལ་ཚིགས་འདེགས་འབུལ་ཞུས་ཡོད།
དེ་རིང་སྟེ་ཕྱི་ཚེས་ ༡༨ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བཀའ་བློན་རྣམ་པས་བཀའ་ཤག་ཚོགས་ཁང་དུ་འཇར་མན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཇར་མན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆོས་དད་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུངས་པ་མ་ཟད། འཇར་མན་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག་པ་བཅས། །