ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་། ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ Ram Jethmalani མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༨ རེས་གཟའ་ཉི་མར་དགུང་གྲངས་ ༩༥ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དམ་པ་ཁོང་གི་སྲས་སྐུ་ཞབས་ Mahesh Jethmalani ལགས་གིས་གཙོས་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་གནང་བའི་ནང་འཁོད་དོན། སྐུ་ཉིད་ཀྱི་ཡབ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། དམ་པ་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་། བོད་མིའི་གྲོགས་པོ་རྙིང་ཤོས་གྲས་ཤིག་ཡིན་པ་མ་ཟད། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་ཀྱང་རེད།
དམ་པ་ཁོང་གིས་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མྱོང་ཡོད་པ་དང་། དེ་སྔོན་དམ་པ་ཁོང་གིས་རྒྱ་གར་གྱི་གྲོས་ཚོགས་ཕྱི་ནང་གཉིས་སུ་བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་མྱོང་ཡོད། དམ་པ་ཁོང་སྐུ་འཚོ་བཞུགས་རིང་གྲོས་ཚོགས་འཐུས་མི་དང་ཁྲིམས་རྩོད་པ་གནང་སྐབས། གཞན་ལ་མིག་དཔེར་འོས་པའི་ཕྱག་ལས་གནང་ཡོད། ང་ཚོས་དམ་པ་ཁོང་གི་ཚེ་རབས་ཐོག་མེད་བྱས་བསགས་སྡིག་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག །