ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་རྟེན་གཞི་བྱས་པའི་བསམ་བློའི་བང་མཛོད་ CSIS ཞེས་པའི་བསྟི་གནས་ཁང་དུ་ཕེབས་ནས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་སྐོར་གསུང་བཤད་དང་དྲི་བར་ལན་འདེབས་གནང་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུའི་བདག་དབང་རྩ་བ་ནས་མེད་པ་མ་ཟད། ལྷག་པར་བོད་གངས་ཅན་ལྗོངས་སུ་བསམ་བཞིན་སྲིད་པ་བཟུང་བ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་སྐུའི་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་གྱི་རྣམ་འགྱུར་བཏོན་པ་ནི། བོད་མི་ཙམ་མ་ཟད། བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་སུས་ཀྱང་ངོས་ལེན་བྱེད་ཐབས་རྩ་བྲལ་རེད།
སྤྱིར་དེང་སྐབས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གནས་དུས་ཚོད་རྩིས་འོག་ཉེ་ལམ་རྒྱ་གར་ནས་ཆེད་མངགས་གསར་འགོད་པ་དགུ་བོད་ནང་མགྲོན་འབོད་བྱས་ནས་ཕོ་བྲང་པོ་ཏཱ་ལ་སོགས་སུ་གཟིགས་སྐོར་འཁྲིད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་རྩད་གཅོད་ལམ་ལུགས་ལ་འཁྱོག་བཤད་བྱས་པ་དེ་དག་ཁུངས་ལྡན་ཡིན་ཚུལ་དང་། འབྱུང་འགྱུར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུའི་བདག་ཐོབ་ཡོངས་རྫོགས་རྒྱ་ནག་གུང་བྲན་ཏང་ལ་དེ་སྔ་ལོ་རྒྱུས་ཐོག་ནས་ཡོད་ཚུལ་གྱི་ཧམ་བཤད་སྣ་ཚོགས་བྱས་ཡོད།
དེ་རྗེས་རྒྱ་གར་གྱི་གསར་འགོད་པ་དགུ་པོ་དེ་དག་རྒྱ་གར་ནང་ཕྱིར་ལོག་རྗེས་བདུན་ཕྲག་གཅིག་གི་ནང་ཚུད་ལ་འབྲེལ་ཡོད་གསར་ཤོག་དགུའི་འགོ་བརྗོད་དུ། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བདག་དབང་དེ་རྒྱ་ནག་གཞུང་ཁོ་ནར་ཡོད་སྟབས། རྒྱ་གར་གཞུང་གིས་དེའི་ཐོག་ཐེ་བྱུས་བྱེད་མི་རུང་ཞིང་། གལ་ཏེ་བྱས་ཚེ་རྗེས་འབྲས་ངན་པ་ཡོང་རྒྱུ་ཡིན་སྐོར་བཀོད་ཡོད། ད་དུང་གསར་ཤོག་ནང་དུ་རྒྱ་ནག་དྲིལ་བསྒྲགས་བློན་ཆེན་གཞོན་པའི་སྐད་ཆ་ལུང་འདྲེན་བྱས་པ་མ་ཟད། རྒྱ་ནག་ནང་གི་བོད་ཐོག་བསམ་བློའི་བང་མཛོད་གཙོ་ཆེ་བ་ཞིག་གི་འགན་འཛིན་ཡིན་ཟེར་བ་ཁོང་གིས་བླ་སྤྲུལ་ཡང་སྲིད་ཐོག་བཤད་པའི་སྐད་ཆ་དེའང་ལུང་འདྲེན་བྱས་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་དགེ་འདུན་པ་བརྒྱ་ཙམ་ལ་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཟབ་སྦྱོང་ཞིག་ཀྱང་སྤྲད་འདུག
རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བཀའ་རྒྱ་ཨང་ལྔ་པ་ཟེར་བ་ཞིག་བསྒྲགས་ནས་འབྱུང་འགྱུར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ངོས་འཛིན་བྱ་རྒྱུ་ཡིན་ཚུལ་བཤད་ཡོད། ཆོས་མེད་སྨྲ་བ་གུང་བྲན་རིང་ལུགས་པ་ཞིག་གིས་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཟེར་བ་ནི་བློ་ཡུལ་ལས་འདས་པའི་ཧམ་བཤད་ཁོ་ན་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ ༣༠༠ ཙམ་གྱི་མིང་གཞུང་ཆེད་མངགས་དྲིལ་བསྒྲགས་བྱས་ནས་གཞུང་གིས་ངོས་ལེན་བྱས་ཚུལ་བྱས་ཡོད། ཡ་མཚན་པ་ཞིག་ལ་ཕྱི་ལོ་ ༢༠༡༧ ཟླ་ ༤ ཙམ་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྲངས་ ༦༠༠ ཙམ་གི་མིང་བསྒྲགས་ཀྱང་། མི་རིང་བར་ལོ་དེའི་ཕྱི་ཟླ་ ༨ ནང་གྲངས་འབོར་སྤར་ནས་བླ་སྤྲུལ་ ༡༣༠༠ ཙམ་གྱི་མཚན་གཞུང་ཞིག་གཏན་འབེབས་བྱས་འདུག
འོན་ཀྱང་མཚན་གཞུང་དེའི་ནང་དུ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་ཁོ་ནའི་མཚན་འཁོད་མེད། རྒྱ་ནག་དམར་པོའི་གཞུང་གིས་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཀྱི་མཚན་གཞུང་ནང་གཞག་མི་ཕོད་པའི་༸རྒྱལ་བའི་ཡང་སྲིད་རྩད་གཅོད་བྱ་རྒྱུ་ཡིན་ཟེར་བ་ནི་ཁ་ཞེ་གཏན་ནས་མི་མཚུངས་པའི་དངོས་འགལ་ཁོ་ན་ཡིན།
ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ལྷན།
རྒྱ་ནག་གཞུང་བྲན་ཆོས་མེད་སྨྲ་བས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་འཁྲབ་སྟོན་དེ་ནི་ཁུ་བྷ་ Cuba ཡུལ་གྱི་དམར་པོའི་སྲིད་འཛིན་ཕི་ཌལ་ཀེ་སི་ཊོ་ Fidel Castro ཡིས་ཡེ་ཤུའི་བླ་ཆེན་སྤོབ་བདམ་རྒྱུ་ཡིན་སྐོར་བཤད་པ་དང་གཉིས་སུ་མེད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག །