ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༠ ཉིན་ཏཱ་ལའི་བླ་མ་ནི་ཚན་རིག་པ་ཞིག་རེད་ The Dalai Lama: Scientist ཅེས་པའི་དུས་ཡུན་ཆུ་ཚོད་ ༡ དང་སྐར་མ་ ༣༥ ཙམ་ཡོད་པའི་དངོས་བྱུང་གློག་བརྙན་དེ་བཞིན་ཐེངས་དང་པོ་ཨི་ཊ་ལིའི་ Italian གྲོང་ཁྱེར་ཝེ་ནི་སིའི་ Venice ནང་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༧༦ ཐོག་གཟིགས་འབུལ་ཞུས་ཡོད་པ་དང་། གློག་བརྙན་དེའི་འཁྲབ་གཞུང་འབྲི་མཁན་དང་འཁྲབ་ཁྲིད་པ་ལྕམ་སྐུ་ཌ་ཝན་ཨིན་གི་ལི་ Dawn Gifford Engle ལགས་ཡིན་ཞིང་། སྐུ་ཞབས་ཨི་ཝན་ Ivan Suvanjieff ལགས་ཀྱིས་གློག་བརྙན་བཟོ་སྐྲུན་གནང་བ་ཞིག་རེད། ཕྱི་ལོ་ ༡༩༩༦ ལོར་བཙུགས་པའི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་ Peacejam Foundation གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱི་མཛད་རྗེས་ལོ་རྒྱུས་སྐོར་རིམ་བཞིན་གློག་བརྙན་བཟོ་བཞིན་ཡོད་པ་ལྟར། དེའི་ཆ་ཤས་སུ་ཐེངས་འདིའི་གློག་བརྙན་ཏཱ་ལའི་བླ་མ་ནི་ཚན་རིག་པ་ཞིག་རེད་ཅེས་པ་བཟོ་སྐྲུན་གནང་བ་ཞིག་རེད།
གློག་བརྙན་དེའི་ནང་དོན་གཙོ་བོ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༠ ལོ་ནས་བཟུང་ད་བར་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་ཚོ་དང་ལྷན་བགྲོ་གླེང་རིམ་པ་ཚོགས་པའི་སྐོར་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་ཚན་རིག་ལ་ཐུགས་མཉེས་པོ་གནང་གི་ཡོད་པའི་མཛད་རྣམ་ལོ་རྒྱུས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚད་རྡུལ་དངོས་ཁམས་རིག་པའི་ Quantum Physics དགེ་རྒན་ལྟ་བུར་ངོས་འཛིན་མཛད་བཞིན་པའི་ཚན་རིག་པ་གྲགས་ཅན་ཌེ་ཝི་ཌི་བྷོམ་ David Bohm མཆོག་དང་ཁར་ལི་ཝོན་ Carl von Weizsacher མཆོག་རྣམ་གཉིས་ཐུག་འཕྲད་མཛད་པའི་སྐོར།
དེ་བཞིན་མགོན་པོ་གང་ཉིད་མཆོག་གི་གྲོགས་པོ་དབང་རྩ་ཚན་རིག་པ་གྲགས་ཅན་ཕི་རན་སི་སོ་ཝ་རེ་ལ་ Franciso Varela མཆོག་འབྲས་ནད་ cancer རྐྱེན་པས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོ་བའི་གནས་ཚུལ་སྐོར་དང་། མགོན་པོ་གང་ཉིད་མཆོག་གིས་ནང་པའི་མཁས་དབང་དང་ཚན་རིག་པ་དབར་ཚད་རྡུལ་དངོས་ཁམས་རིག་པ་དང་། སེམས་ཁམས་རིག་པ། དབང་རྩ་ཚན་རིག་སོགས་ཀྱི་སྐོར་བགྲོ་གླེང་གནང་སྟེ་ནང་པའི་མཁས་དབང་དང་ཚན་རིག་པ་དབར་ཟམ་པ་ལྟ་བུ་བཟོས་གནང་མཛད་པའི་སྐོར་ཡིན། གློག་བརྙན་བསྟན་རྗེས་ལྟད་མོ་བ་ཡོངས་ཡར་བཞེངས་ནས་དགའ་བསུའི་ཐལ་སྒྲ་བསྒྲགས།
དེ་རྗེས་ལྕམ་སྐུ་ཌ་ཝན་ཨིན་གི་ལི་ལགས་དང་ཨི་ཝན་ལགས་ཀྱིས་ལྟད་མོ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཨ་ཡིར་ལན་ཌི་ Ireland ནས་ཡིན་པའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་བྷེ་ཊེ་ཝི་ལིམ་སི་ Betty Williams ལགས་ཀྱིས་གློག་བརྙན་འཁྲབ་ཁྲིད་པ་དང་བཟོ་སྐྲུན་པ་རྣམ་གཉིས་ལ་ཐུགས་རྗེ་ཞུས་པ་དང་སྦྲགས། ལྕམ་བྷེ་ཊེ་ཝི་ལིམ་སི་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོ་རང་གི་གྲོགས་མཆོག་དམ་པ་ཞིག་ཡིན་པའི་ཕྱིར་དྲན་གྱིས་གསུང་བཤད་གནང་ཡོད།
སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གློག་བརྙན་འཁྲབ་ཁྲིད་པ་དང་། གློག་བརྙན་བཟོ་སྐྲུན་པ། དེ་བཞིན་ལྕམ་བྷེ་ཊེ་ཝི་ལིམ་སི་ལགས་བཅས་ལ་ཐུགས་ཆེ་ཞུའི་ཁ་བཏགས་རེ་བསྒྲོན་ཡོད་པ་བཅས། །