ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ ༣ ཙམ་ལ་བཞུགས་སྒར་རྡ་སའི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ནོར་གླིང་ཁུལ་གྱི་རྒྱ་དཔོན་རྣམ་པ་ཚོར་ཁ་བཏགས་རེ་གནང་རྗེས་རྡ་ས་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་གཞོན། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་གྱིས་གཙོས་དགེ་ལས་སློབ་ཕྲུག་རྣམ་པ། ནོར་གླིང་ཁུལ་གྱི་རྒྱ་དཔོན་རྣམ་པ། བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་རྣམ་པ་བཅས་སོགས་ལ་འབྱུང་འགྱུར་ཕྱི་ཟླ་ ༡༠ པའི་འགོ་སྟོད་དུ་ཚོགས་གཏན་ཁེལ་བའི་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་ལྔ་དང་ལྔ་བཅུའི་འཆར་སྣང་དང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་དང་འབྲེལ་བའི་སྐོར་ངོ་སྤྲོད་གསུང་བཤད་གནང་དོན།
ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ད་བར་ལོ་ངོ་ ༦༠ འཁོར་བཞིན་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་དང་རྒྱ་གར་གཞུང་མང་གཉིས་སོགས་ཀྱི་ཐུགས་རྗེ་བཀའ་དྲིན་འོག་འདས་པའི་ལོ་ངོ་ ༦༠ ནང་བཙན་བྱོལ་བོད་མི་རྣམས་ཀྱིས་སྐུ་ལས་བསྐྱོན་པར་བརྟེན་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་བཙན་བྱོལ་བོད་མི་རྣམས་ཀྱིས་རིག་པ་མ་བསྒྲིམས་ན་འདས་པའི་ལོ་ངོ་ ༦༠ རིང་སྐུ་ལས་བསྐྱོན་པ་དེ་དག་ཉམས་ཆག་འགྲོ་སྲིད་པ་རེད། ཅེས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་གནང་གི་ཡོད་སྟབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་རིང་བོད་ཀྱི་བདེན་མཐའ་ངེས་པར་དུ་གསལ་ཐུབ་པ་དགོས།
རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་གནང་གི་ཡོད་པ་དེར་བསྒུགས་ནས་ང་ཚོར་ཡ་ལན་བྱེད་ཀྱི་མེད། ཅེས་དང་། གཞན་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད། ཕྱི་ལོ་ ༡༩༦༩ ཙམ་ནས་ནུབ་ཕྱོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་ཚོས་༧གོང་ས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དང་སྐུའི་ཡང་སྲིད་སྐོར་བཀའ་འདྲི་མང་པོ་ཞུས་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ༧གོང་ས་ཏཱ་ལའི་བླ་མའི་སྒྲིག་འཛུགས་གནས་དང་མ་གནས། སྐུའི་ཡང་སྲིད་ཕེབས་དང་མ་ཕེབས་ཟེར་བ་དེ་གཞིས་བྱེས་བོད་མི་ཡོངས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། སོག་པོ་སོགས་ནས་ཐག་གཅོད་བྱ་ངེས་རེད། ཅེས་བཀའ་ལན་སྩལ་ཡོད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་སྟབས་འཚོགས་ལ་ཉེ་བའི་དམིགས་བསལ་ཚོགས་ཆེན་སྟེང་རྒྱ་ཆེ་མང་ཚོགས་གང་མང་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་། མཐར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་གྱིས་བཀའ་བློན་མཆོག་གིས་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །