༢༠༡༩ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །འདི་གར་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ ཉིན་དེ་སྔ་ཕྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་ལ་སྩལ་བའི་སྦུག་ཐམ་རིན་པོ་ཆེ་འབྲས་མོ་ལྗོངས་ཀྱི་ཡུལ་དུ་ཞབས་སོར་འཁོད་འདུག
དེ་ཡང་ཕྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༣༠ ལ་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲུབ་རྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་ལ་སྩལ་བའི་སྦུག་ཐམ་རིན་པོ་ཆེ་ཐེངས་འདིར་ཡུལ་ཁྲིམས་ཀྱི་གནས་བབ་དབང་གིས་འབྲས་ལྗོངས་སུ་གདན་ཞུ་སྐབས། འབྲས་ལྗོངས་དགོན་གནས་བློན་ཆེན་བསོད་ནམས་བླ་མ་མཆོག་ནས་སྦག་གྲོ་ར་གནམ་ཐང་དུ་བཅར་ནས་སྦུག་ཐམ་ཕེབས་བསུ་དང་། གཞན་ཡང་དགོན་སྡེ་ཁག་དང་མི་མང་ཡོངས་ནས་འབྲས་ལྗོངས་ས་མཚམས་རོང་ཕུ་ནས་ཕེབས་བསུ་ཞུས་ཏེ་མཚུར་ཕུ་བླ་བྲང་བར་གདན་ཞུས་གནང་འདུག
མཚུར་ཕུ་བླ་བྲང་དུ་ཕེབས་བསུའི་མཛད་སྒོ་ཚུགས་སྐབས་དད་ལྡན་མང་ཚོགས་བརྒྱ་ཕྲག་བརྒལ་བས་མཉམ་ཞུགས་གནང་བ་དང་། སྐབས་དེར་ཇི་ལྟར་མཚུར་ཕུ་བླ་བྲང་ནས་མགྲོན་འབོད་ལྟར་སྒང་ཏོག་ས་གནས་འགོ་འཛིན་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་གཙོས་ས་འཐུས་ཚོགས་གཙོས་དང་། ཚོགས་པ་དྲུག་གི་ཚོགས་གཙོ་ཕེབས་ཡོད་པ་བཅས།