ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །དེ་རིང་ནི་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་ཏེ་མི་ལོ་ ༥༩ ཧྲིལ་པོ་འཁོར་བའི་དུས་དྲན་གལ་གནད་ཅན་ཞིག་ཡིན། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་པའི་ཉིན་མོ་ནས་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་པ་དང་། ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་དྲན་གཞུང་འབྲེལ་གྱིས་སྲུང་བརྩི་ཞུ་འགོ་ཚུགས་པ་ནས་ད་བར་སྲུང་བརྩི་ཞུ་མུས་ཡིན།
སྤྱིར་འཛམ་གླིང་རྒྱལ་ཁབ་ཁག་གི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ལ་གཞིགས་ན་སྒེར་ལངས་ཀྱི་ལས་འགུལ་ནང་ལུས་སྲོག་ལོངས་སྤྱོད་བློས་གཏོང་ཐོག མི་ཐོག་རིམ་བརྒྱུད་ཀྱིས་དཀའ་བ་སྤྱད་དེ་མང་གཙོའི་ལམ་ལུགས་ཀྱི་འབྲས་བུ་གཡུར་ཟ་བྱུང་བའི་གནས་ཚུལ་ཡོད་རུང་། རང་རེའི་མང་གཙོའི་བྱུང་རིམ་ནི་དེ་ལྟར་མིན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མི་མང་ལ་མང་གཙོའི་ལམ་ལུགས་གསོལ་བསྩལ་གནང་བ་ཞིག་ཡིན་སྟབས་མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་མདོར་ཙམ་བརྗོད་ན།
བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལུགས་ཟུང་ཆོས་སྲིད་ཀྱི་ཐུགས་འགན་བསྐྱེད་བཞེས་གནང་འཕྲལ་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་དུས་བསྟུན་བསྒྱུར་བཅོས་མཛད་ཆེད་ “ལེགས་བཅོས་” ཞེས་བཅོས་བསྒྱུར་ལས་དོན་བྱེད་མཁན་ཚོགས་ཆུང་དང་། དེའི་རྒྱུན་ལས་ཆེད་འཛུགས་གནང་སྟེ་ཕྱོགས་གང་སར་ཞིབ་འཇུག་གིས་བཅོས་བསྒྱུར་གནང་རྒྱུའི་འཆར་གཞི་དེ་ཉིད་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་གསར་བཙུགས་ཀྱིས་ས་ཞིང་བཅོས་བསྒྱུར་ལ་སོགས་པའི་བོད་ནང་གི་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་མཛད་ཡོད་ཀྱང་། བསྒྱུར་བཅོས་གོ་རིམ་དངོས་གཞི་ཆ་ཚང་མ་བསླེབ་གོང་རྒྱ་ནག་དམར་པོའི་གཞུང་གི་དྲག་དམག་གིས་བོད་ལ་བཙན་འཛུལ་ལག་བསྟར་བྱེད་བཞིན་པའི་དྲག་ཤུལ་གྱི་རྣམ་པ་ཉིན་བཞིན་ཇེ་ཆེར་སོང་ནས་གདུག་རྩུབ་ཀྱི་གདོང་རིས་ངོ་མ་ཕྱིར་མངོན་ཏེ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་དོན་རྐྱེན་བྱུང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་པ་རེ་ཞིག་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་བཙན་བྱོལ་ལ་ཆིབས་བསྒྱུར་གནང་དགོས་བྱུང་བ་བཅས་ལྡོག་ཏུ་མེད་པའི་འགོག་རྐྱེན་སྣེ་མང་འཕྲད་དབང་གིས་ “ལེགས་བཅོས་” དགོངས་གཞི་ཇི་བཞིན་མཇུག་སྐྱོང་ཕྱག་བསྟར་གནང་མ་ཐུབ་པར་རེ་ཞིག་ལྷག་ལུས་སུ་གྱུར་ནའང་། བཙན་བྱོལ་དུ་༸ཞབས་སོར་འཁོད་མ་ཐག་ཏུ་གཞིས་བྱེས་མཉམ་འཛོམས་ཐོག་ནས་རང་རེའི་ཕྱིས་འབྱུང་གཞུང་གི་ལས་དོན་སྒྲུབ་ཕྱོགས་དང་། བོད་གཞུང་གི་སྒྲིག་འཛུགས་དེང་དུས་དང་མཐུན་པའི་བསྐྱར་བཟོ་དང་འབྲེལ་བའི་སྐོར་རླབས་ཆེན་གྱི་བཀའ་སློབ་རིམ་པ་ཕེབས་ཡོད། དཔེར་ན། ཕྱི་ལོ་ ༡༩༥༩ ཟླ་ ༡༡ ཚེས་ ༡༧ ཉིན་རྒྱ་གར་ནང་བཞུགས་སྒར་དང་པོ་མ་སུ་རིར་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་མཇལ་འཛོམས་ཐེངས་བཞི་པའི་ཐོག་༸གོང་ས་མཆོག་ནས་”ཕྱིན་ཆད་བོད་ནང་རང་རེ་སྔ་མའི་གནས་སྟངས་དེ་དག་ཆ་ཚང་གནས་ཐབས་མེད་པས་བསྒྱུར་བཅོས་འགྲོ་དགོས། གང་ལགས་ཟེར་ན་རྒྱ་ཆེའི་འཛམ་གླིང་གི་གནས་ཚུལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པར་བརྟེན། ང་ཚོས་དེ་དང་བསྟུན་པའི་ལམ་ཕྱོགས་སུ་བསྐྱོད་རྒྱུ་གལ་གནད་ཆེན་པོ་ཡིན། བོད་ལྗོངས་སྤྱིའི་བདེ་དོན་གལ་ཆེ་འདི་ཙམ་ལ་གྲལ་རིམ་དང་། ཕོ་མོ་རིགས་རུས་ཀྱི་དབྱེ་བ་ལ་མ་ལྟོས་པས་བོད་རིགས་ཡིན་ཕྱིན་རང་རང་སོ་སོའི་ཤེས་ནུས་གང་ཡོད་སྤྱི་དོན་ཐོག་ཕྱར་བ་གྲུ་འདེགས་བྱེད་དགོས་པ་མ་ཟད། རང་གི་ཤེས་ཚད་ལ་དཔག་པའི་ཐོབ་ཐང་ཡང་ངེས་པར་ཡོང་གི་རེད། དེར་བརྟེན་ཚང་མས་རང་དོན་སྤང་སྟེ་སྤྱི་དོན་དུ་ཁ་ཙམ་མིན་པར་ཐབས་ཤེས་གོང་འཕེལ་འགྲོ་བསྐྱོད་ཐུབ་པའི་ནུས་ཤུགས་འདོན་དགོས།” ཞེས་དང་། ཡང་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་འཐུས་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཚུལ་བཞིན་ཞུ་རྒྱུའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་པའི་སྐབས་སུ། “བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འཇོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས།” ཞེས་བཀའ་སློབ་རིམ་པ་ཕེབས་དགོངས་བཞིན། སྐབས་དང་པོའི་བོད་མི་མང་སྤྱི་འཐུས་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་རྟགས་བསྐོ་གཞག་བསྩལ་དོན་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་པ་ནས་བཟུང་བོད་མིའི་མང་གཙོ་ཐོག་མར་དབུས་བརྙེས་ཏེ་དེ་རིང་གི་ཉིན་མོར་ལོ་ ༥༩ ཧྲིལ་པོ་འཁོར་བཞིན་ཡོད།
དེ་ཡང་༸གོང་ས་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་པ་ཆེ་བཞེས་ཀྱིས་བཀའ་དྲིན་གཞལ་ཐབས་བྲལ་བའི་རླབས་ཆེན་གྱི་ལམ་སྟོན་ཟབ་མོའི་འོག་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་རང་དབང་དང་། དྲང་བདེན། འདྲ་མཉམ་བཅས་ཀྱི་གཞི་རྩ་ལྡན་པའི་མང་གཙོའི་ལམ་བཟང་དེ་བྱུང་བ་རེད། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང༌། ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང༌། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཉིད་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ནས། བཙན་བྱོལ་བོད་གཞུང་འདི་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་ཀྱི་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད།
དེ་ནས་ཕྱི་ལོ་ ༢༠༠༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱས་པ་དེ་ནི་མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་སྤོ་ཐུབ་བྱུང་བ་ཞིག་ཡིན། ལྷག་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང༌། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་ན་རིམ་གཞུང་གི་འགན་འཛིན་དང༌། རྒྱལ་ཁབ་ཀྱི་དབུ་འཛིན་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད་ཀྱང༌། མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དང༌། བོད་མི་རྣམས་གང་ཟག་གཅིག་ལ་བརྟེན་མི་དགོས་པར་འཕྲལ་ཡུན་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་བཞེས་རྒྱུ་མིན་པ་དང༌། འབྱུང་འགྱུར་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་འཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་བྱེད་དགོས་པ་དང༌། དེའི་ཆེད་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་བསྐྱར་བཅོས་དགོས་པའི་བཀའ་ལྕི་བཟློག་མེད་གྲོས་ཚོགས་སུ་ཕེབས་པ་ལ་བསྐྱར་དུ་དགོངས་བཞེས་ཡོང་བའི་གསོལ་བ་བཏབ་ཀྱང་ཞལ་བཞེས་མ་ཐོབ་པར་ཕྱིར་སློག་བྱུང་བ་དང༌། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ནས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ནས་བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཛད་འཁུར་སྐྱོང་བཞེས་ཡོང་བའི་གསོལ་འདེབས་ཞུས་ཀྱང་ཞལ་བཞེས་མ་གནང་སྟབས། བཀའ་དགོངས་དང་ལེན་མ་ཞུས་ཐབས་མེད་དུ་གྱུར་ཏེ། སྤྱི་ལྷན་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མ་ཞིག་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་གནང་བ་དང་ཆབས་ཅིག་བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང༌། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག སྐབས་དེའི་བཅའ་ཁྲིམས་ལེའུ་བཅུ་གཅིག་པ་གཞིར་བཟུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཅའ་ཁྲིམས་བསྐྱར་བཅོས་ལ་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ཉིན་ཆོག་མཆན་བསྩལ་བའི་སྒོ་ནས་གཞུང་ས་དགའ་ལྡན་ཕྲོ་བྲང་གིས་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་ལོ་བཞི་བརྒྱར་ཉེ་བའི་རིང་བསྐྱངས་པའི་དབང་ལུང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་བསྩལ་གནང་ལྟར། འགོ་འཁྲིད་དེ་དག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་ཞིང་བོད་ཀྱི་ལུགས་ཟུང་མང་གཙོའི་ལམ་བཟང་ཐོག་ཤར་སྐྱོད་དང་བོད་ཀྱི་བདེན་དོན་རྩོད་ལེན་རྒྱུན་སྐྱོང་ཞུས་དང་ཞུ་བཞིན་པ་ནི་བོད་མིའི་མང་གཙོ་ཚད་མཐོའི་ངང་འཕེལ་རྒྱས་འགྲོ་བཞིན་པར་དགའ་སྤོབས་ཆེན་པོས་ངོས་འཛིན་ཞུས་ནའང་མ་འགྲིགས་པ་མེད།
དེས་ན་གཞི་རིམ་གྱི་མང་གཙོ་གལ་འགངས་ཆེ་བ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་སྤྱི་མི་བརྒྱ་དཔོན་ནས་བཟུང་རང་བདེན་ཚོགས་ཆུང་གི་ཚོགས་མི་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམས་ཀྱང་གཞིས་མི་མང་ཚོགས་རང་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་གི་ཡོད་པ་རེད། ས་གནས་འཐུས་ཚོགས་དེ་དག་ཚགས་ཚུད་དང་སྲ་བརྟན་ཡོང་ཕྱིར་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ས་གནས་ཁག་ལ་དུས་ནས་དུས་སུ་གཞི་རིམ་མང་གཙོའི་འཕེལ་རིམ་སྐོར་ཟབ་སྦྱོང་འབུལ་བཞིན་པ་ལྟར་ད་བར་ས་གནས་འཐུས་ཚོགས་ཁག་ ༢༥ ཙམ་དང་། རང་ཚོགས་སྐུ་ཚབ་ཁག་ཅིག་བཅས་ལ་ཟབ་སྦྱོང་ཕུལ་ཟིན་པ་དང་། དེས་མ་ཚད་སྤྱི་འཐུས་བཞི་རེ་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་རིགས་རྣམས་ལ་མང་གཙོའི་འཕེལ་རིམ་གོ་རྟོགས་སྤེལ་རྒྱུ་དང་གནས་ཡུལ་རྒྱལ་ཁབ་སོ་སོའི་གཞུང་ལ་བོད་དོན་ཞུ་སྐུལ་སླད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་དང་གནང་མུས་སུ་མཆིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་རྣམས་མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་ཡོང་གི་ཡོད་པ་ལྟར། ཁྲིམས་ཞིབ་པ་རྣམ་པ་དང། བཀའ་བློན་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཀྱང་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ལྷན་ཚོགས་ནས་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་མུས་ཡིན། བཙན་བྱོལ་དུ་ཡོད་པའི་རང་རེའི་མང་གཙོའི་ལམ་ལུགས་ལ་རང་དབང་ལྡན་པའི་ཕྱི་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་མང་པོས་ཡི་རངས་བསྔགས་བརྗོད་གནང་བཞིན་ཡོད་པ་མ་ཟད། ཁོང་ཚོའི་ལུང་པར་དེ་མཚུངས་ལག་བསྟར་ཐུབ་ཐབས་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུང་མཁན་ཡང་ཡོང་བཞིན་པ་དེ་ནི་ང་ཚོའི་གཟི་བརྗིད་ཡིན།
མང་གཙོའི་སྒྲིག་འཛུགས་ཤིག་ཡིན་ཕྱིན་འོས་བསྡུའི་ལས་རིམ་དང་འོས་བསྡུའི་སྒྲིག་གཞི་སོགས་གལ་འགངས་ཆེ་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པ་དང་ ༧ པ་སོ་སོར་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཡང་བཅོས་ཀྱིས་གཏན་འབེབས་ཟིན་པ་ལྟར་རང་རིགས་མང་ཚོགས་ནས་མང་གཙོའི་ཁེ་ཕན་ལོངས་སུ་སྤྱོད་པར་དང་ཐོག་འོས་བསྡུའི་སྒྲིག་གཞིའི་གོ་དོན་རྣམས་ལེགས་རྟོགས་དགོས་རྒྱུ་གལ་ཆེར་སོང་། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཙོ་བཟུང་ཐོག་འོས་བསྡུ་དང་འབྲེལ་བའི་སྒྲིག་གཞིའི་གོ་རྟོགས་སྤེལ་སླད་བསྐོར་བསྐྱོད་ལས་རིམ་ཡོད་པའི་ཁོངས་ནས་ཉེ་སྔོན་ཨ་རི་དང་། ཁེ་ཎ་ཌ། སུད་སི། པཱེ་རི་སི། རྒྱ་གར་ལྷོ་ཕྱོགས་བཅས་སུ་བསྐོར་བསྐྱོད་གནང་གྲུབ་པ་དང་། ཨོ་སི་ཀྲི་ལི་ཡའི་ཁུལ་རང་རིགས་རྣམས་ལ་འོས་སྒྲིག་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཉིན་གཅིག་གཉིས་ནང་འགོ་འཛུགས་གནང་གཏན་འཁེལ་ཡོད་པས་དེ་རྩིས་ཐུགས་སྣང་གནང་གལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་གནང་བའི་བྱིན་རླབས་དང་རིན་ཐང་ཅན་གྱི་མང་གཙོའི་འགྲོ་ལུགས་དེ་བོད་མི་རྩམ་ཟན་ཡོངས་ཀྱིས་སྣང་མེད་དུ་མ་བཞག་པར་འགན་འཁུར་བའི་ཐོག་ནས་ཡར་རྒྱས་གོང་སྤེལ་དང་ཚགས་ཚུད་ཡོང་ཕྱིར་ཚང་མས་ཐུགས་བསམ་བཞེས་གལ་ཆེ། མང་གཙོ་ཁ་ལ་འཁྱེར་ནས་ཕྱོགས་རིས་འཐེན་འཁྱེར་གྱིས་སྤྱི་ཚོགས་གཡས་དཀྲུག་གཡོན་དཀྲུག་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་ལ་སོགས་པའི་ཐལ་ཆ་ཆེ་བའི་བྱ་ངན་རིགས་བྱེད་གྱིན་བསྡད་པ་ཡིན་ན། ཕན་ཐོགས་སུ་གང་ལ་ཡང་ཡོང་རྒྱུ་མེད་པ་གང་ཞིག་བོད་སྤྱི་བའི་རྩ་དོན་ལ་དོ་ཕོགས་འགྲོ་ཉེན་ཆེ་བས་དེ་རིགས་ལ་མང་གཙོའི་ཁེ་ཕན་ལོངས་སྤྱོད་བྱས་པར་ངོས་འཛིན་ཐུབ་ཐབས་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་མི་ཚང་མར་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཆོག་པའི་ཆ་རྐྱེན་བསྐྲུན་ཡོད་པ་ནང་བཞིན་སྤྱི་ཚོགས་ཀྱི་བདེ་སྐྱིད་དང་ལྷིང་འཇགས་བསྲུང་རྒྱུའི་འགན་དབང་ཡང་ང་ཚོ་ཚང་མར་ཡོད་པ་མཁྱེན་དགོས། ང་ཚོ་སུ་ཡིན་ནའང་རྟག་པར་སོ་སོའི་སྒེར་གྱི་ཁ་ཆག་སྣ་རལ་རྐྱང་རྐྱང་བསམ་ནས་མ་བཞུགས་པར་བོད་སྤྱི་བའི་རྩ་དོན་ལ་དམིགས་ཏེ་བསམ་རྒྱ་གུ་ཡངས་བཞེས་ཏེ་ཕྱག་ལས་གནང་རྒྱུའི་འབད་བརྩོན་གནང་དགོས། ད་ལྟ་བར་དུ་༸རྒྱལ་བའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འདས་ལོ་ ༦༠ ནང་བོད་མི་རིགས་ཀྱི་ངོ་བོ་དང་། ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཐོག་གོང་སྤེལ་དང་། རང་རེའི་རྩ་དོན་རྩོད་རྒྱུ་བཅས་ལ་ཕན་པའི་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་སྲ་བརྟན་ཞིག་དང་། རྒྱ་བལ་འབྲུག་གསུམ་ནང་བོད་མིའི་གཞིས་ཆགས་ཁག སློབ་གྲྭ་ཆེ་ཆུང་དང་། དགོན་སྡེ་གྲྭ་ཚང་དང་བཙུན་དགོན་ཁག རིག་གཞུང་གཅེས་སྐྱོང་ཁང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་སྐུ་ཚབ་དོན་གཅོད་ཁང་ལ་སོགས་པའི་ངོམས་སུ་ཆོག་པའི་མང་གཙོའི་སྒྲིག་འཛུགས་ཆེ་ཆུང་མང་དག་ཅིག་བཙུགས་ཐུབ་ཡོད་པ་དེ་དག་ཇི་སྲིད་བོད་ཀྱི་དཀའ་རྙོག་མ་བསལ་བར་དེ་སྲིད་དུ་ཡུན་གནས་ཡར་རྒྱས་གོང་སྤེལ་བཏང་བ་དང་ལྷན་དུ་ང་ཚོ་མི་རེ་ངོ་རེ་ནས་ཉིན་མཚན་དུས་དྲུག་ཏུ་བཙན་བྱོལ་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ལ་འགན་འཁུར་བའི་ཐོག་ནས་སོ་སོའི་སྤྱོད་པ་སྲུང་ཐུབ་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནང་ཆིག་བསྒྲིལ་ཡོང་རྒྱུ་གདོན་མི་ཟ་ཞིང་། མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཤར་དུས་རང་རེ་བཙན་བྱོལ་བ་རྣམས་རང་དབང་བོད་ལ་ཕྱིར་ལོག་བྱེད་སྐབས་མང་གཙོའི་ལམ་བཟང་དེ་གཞིས་ལུས་སྤུན་ཟླ་རྣམས་ལ་འབུལ་རྒྱུའི་ཕྱག་རྟགས་ལེགས་ཤོས་དེ་ཆགས་རྒྱུ་ཡིན། དེར་བརྟེན་བོད་མི་ནང་ཁུལ་དམ་ཚིག་དར་གྱི་མདུད་པ་མ་ལྷོད་པའི་ཐོག་ནས་བོད་རང་དབང་སླར་གསོའི་གོམ་སྟབས་མདུན་ནས་མདུན་དུ་བསྐྱོད་ཐུབ་པར་བྱེད་པ་ལ་གོ་སྐབས་འདི་བརྒྱུད་ནས་ཚང་མར་ཐུགས་བསམ་བཞེས་རོགས་གནང་ཞེས་སྙིང་དབུས་ནས་འབོད་བསྐུལ་ཞུ་རྒྱུ་ཡིན།
དེ་རིང་གི་ཉིན་མོར་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༩ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བ་དང་ཆབས་ཅིག བོད་ས་རྒྱ་ལག་ཏུ་ཤོར་ནས་གཞིས་ལུས་བོད་མི་རྣམས་ལ་མང་གཙོའི་ཁེ་དབང་ལྟ་ཞོག་འགྲོ་བ་མིའི་རང་ཆས་སུ་ཡོད་པའི་སྨྲ་བརྗོད་ཀྱི་རང་དབང་དང་། འགྲོ་འོང་གི་རང་དབང་། ཆོས་དད་ཀྱི་རང་དབང་སོགས་གཞི་རྩའི་རང་དབང་ཡེ་ནས་མེད་པར་རྒྱ་ནག་དམར་གཞུང་གི་བཙན་གནོན་དྲག་པོའི་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པའི་ངང་ལོ་ངོ་ ༦༠ ལྷག་འཁོར་བཞིན་པར་བྱེས་སུ་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་གོང་སྤེལ་དང་། བོད་ཀྱི་རྩ་དོན་རྩོད་རྒྱུ་བཅས་ཀྱི་ཐོག་ལ་ཕྱར་བ་གྲུ་འདེགས་ཀྱི་རྒྱབ་སྐྱོར་གནང་མཁན་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱིའི་རྒྱལ་ཁབ་ཀྱི་རོགས་ཚོགས་ཁག་དང་། བོད་དོན་རྒྱབ་སྐྱོར་བ་ཚང་མར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
གཞན་ཡང་འདས་པའི་ཟླ་ཤས་རིང་ནས་བཟུང་ཧོང་ཀོང་མི་མང་ས་ཡ་མང་པོས་མང་གཙོ་དང་རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་ཀུན་དང་། ལྷག་པར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ ལ།། །།