ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་དབུ་འཁྲིད་བླ་ན་མེད་པ། བོད་མིའི་མང་གཙོའི་ཤིང་རྟའི་སྲོལ་འབྱེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་གཞིས་བྱེས་བོད་མི་ཡོངས་དང་། བོད་དང་བོད་མིར་རྒྱབ་སྐྱོར་དང་རོགས་མགོན་གནང་མཁན་ཡོངས་ལ་དགའ་སྤྲོ་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་ནི་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༩ འཁོར་བའི་དུས་ཆེན་གྱི་ཉིན་མོ་གལ་ཆེན་ཞིག་ཡིན། དེ་ཡང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐུ་ན་ཕྲ་དུས་ནས་བོད་ཀྱི་སྤྱི་ཚོགས་ལམ་སྲོལ་ལ་དུས་དང་འཚམས་པའི་བསྒྱུར་བཅོས་དགོས་གལ་གཟིགས་པ་ལྟར། ཕྱི་ལོ་ ༡༩༥༠ ལོར་དགུང་ལོ་བཅུ་དྲུག་ཐོག་བོད་རྒྱལ་ཁབ་ཀྱི་ལུགས་གཉིས་ཐུགས་འགན་བཞེས་པ་དང་། ཕྱི་ལོ་ ༡༩༥༡ ལོར་ལེགས་བཅོས་ལས་ཁུངས་ཟུར་འཛུགས་གནང་རྒྱུས་མཚོན་གྱོད་ཞིབ་ལས་ཁུངས་འཛུགས་རྒྱུ་དང་། ཁྲལ་དང་བུ་ལོན་ཆག་ཡང་། བཙོན་པ་གློད་དཀྲོལ་གཏོང་རྒྱུ་སོགས་བོད་ཀྱི་སྤྱི་ཚོགས་ནང་བསྒྱུར་བཅོས་མང་པོ་མཛད་ཡོད་རུང་། རྒྱ་དམར་གྱི་དབང་ཤུགས་དང་དྲག་གནོན་སོགས་ཕྱི་ནང་འགལ་རྐྱེན་དུ་མའི་དབང་གིས་ཐུགས་བཞེད་ཇི་བཞིན་མ་འགྲུབ་ཁར། རིམ་པས་གནས་སྟངས་ཇེ་ཞན་དུ་སོང་སྟེ་མཐར་ཕྱི་ལོ་ ༡༩༥༩ ལོར་བོད་བསྟན་སྲིད་མི་རིགས་བཅས་པའི་བདེ་ཐབས་སླད་བཙན་བྱོལ་དུ་ཕེབས་དགོས་གྱུར་ཡོད།
བཙན་བྱོལ་དུ་ཕེབས་འཕྲལ་བོད་མིའི་རང་དབང་སླར་གསོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག མི་རིགས་བཅས་རྩ་བརླག་མི་འགྲོ་སླད། རྒྱ་གར་དུ་བཙན་བྱོལ་བོད་གཞུང་གི་རྟེན་གཞི་གསར་འཛུགས་དང་། དེ་བཞིན་གཏན་ཉིན་སློབ་གྲྭ་ཁག སོ་ནམ་དང་བཟོ་ལས་གཞིས་ཆགས་ཁག ཆོས་སྡེ་གདན་ས་ཁག གཞན་ཡང་མཐོ་སློབ་དང་རིག་གཞུང་ཚོགས་སྡེ་བཅས་གསར་འཛུགས་མཛད་པའི་སྒོ་ནས་བོད་དང་བོད་མིའི་རྩ་དོན་ཐོག་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་རླབས་ཆེའི་མཛད་འཕྲིན་ཇི་ལྟར་བསྐྱངས་ཡོད་པ་ཚང་མའི་དགོངས་མངའ་ལྟར་ཡིན།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་ཕྱོགས་སུ་འཁྲིད་གནང་མཛད་ཡོད། དེ་ཡང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཆིབས་བསྒྱུར་བསྐྱངས་སྐབས་རྒྱ་གར་གྱི་མང་གཙོ་དང་གྲོས་ཚོགས་ཀྱི་བགྲོ་གླེང་གི་ལམ་ལུགས་སོགས་ཀྱི་སྐོར་ཐུགས་སྣང་བྱུང་བ་བཅས་ལ་བརྟེན་མང་གཙོའི་ལམ་ལུགས་ལ་ཡི་རངས་ཆེན་པོ་བྱུང་ཡོད། དེས་ན་སྔ་མོ་ནས་དགོངས་བཞེད་ཡོད་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ནས་རིང་པོར་མ་ཐོགས་པར་བོད་ཆོལ་ཁ་གསུམ་དང་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་ངོ་ཚབ་མཚོན་པའི་འཐུས་མི་བསྐོ་འདེམས་བྱེད་པའི་ལམ་སྲོལ་གཏོད་པའི་སྒོ་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་ཐོག་མར་དབུ་བརྙེས་ཤིང་། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་ནང་། མང་གཙོའི་ལྟ་གྲུབ་དང་མཐུན་པ་ཡོང་ཆེད་༸གོང་ས་མཆོག་རང་ཉིད་ཀྱི་སྐུ་དབང་ཕྱིར་བསྡུ་གནང་རྒྱུའི་ཆ་རྐྱེན་ཚུན་འཇོག་གནང་མཛད་ཡོད།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་ལས་དོན་གནང་ཕྱོགས་ལ་ཡང་དུས་ནས་དུས་སུ་ལེགས་བཅོས་ཇི་དགོས་མཛད་པ་དང་། ལྷག་པར་ཕྱི་ལོ་ ༡༩༩༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བཀའ་འཁྲོལ་གཏན་འབེབས་བསྩལ་ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་བཞིན་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཏུ་བསྒྱུར་གནང་མཛད་ཅིང་། ཕོ་མོ་འདྲ་མཉམ་གྱི་ལྟ་བ་ལག་ལེན་དོན་ཁེལ་དང་བུད་མེད་ཀྱི་འགོ་འཁྲིད་སྐྱེད་སྲིང་གནང་ཆེད་བུད་མེད་ལ་དམིགས་བསལ་སྤྱི་འཐུས་ཞབས་སྟེགས་ཟུར་བཅད་ཆ་རྐྱེན་བསྐྲུན་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་ཚོའི་ཆེད་དུ་སྤྱི་འཐུས་ཞབས་སྟེགས་ཁ་སྣོན་དགོས་རྒྱུ་སོགས་དུས་དང་མཐུན་པའི་ལེགས་བཅོས་ཇི་དགོས་ལམ་སྟོན་མཛད་དེ་ད་ཆ་སྤྱི་འཐུས་ཀྱི་གྲངས་ཚད་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་གང་ཐད་ནས་སྲ་བརྟན་སྲ་ཚུགས་བྱུང་ཐོག མང་གཙོའི་རིང་ལུགས་ཀྱི་རྨང་གཞིའི་ཁྲིམས་སྒྲིག་ཁག་གཏན་འབེབས་དང། དེ་བཞིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་བཅས་མང་གཙོའི་ཀ་བ་གསུམ་སོ་སོའི་འགན་དབང་ཆ་བགོས་ཀྱི་ལམ་སྲོལ་ཕྲ་ཚུགས་ཐུབ་པ་བྱུང་ཡོད།
དེ་མཚུངས་འཛིན་སྐྱོང་བཀའ་ཤག་གི་སྒྲོམ་གཞིར་ཡང་དུས་བསྟུན་ཡར་རྒྱས་ཇི་དགོས་གཏོང་གནང་གིས། བཀའ་ཤག་གི་གྲུབ་ཆ་དང་བཀའ་བློན་བསྐོ་གཞག་གནང་ཕྱོགས་ལའང་དུས་ནས་དུས་སུ་ལེགས་བཅོས་མཛད་ཅིང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་དགོངས་བཞེས་ཀྱིས་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་ལམ་ལུགས་གཏོད་གནང་མཛད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ཡོད། མདོར་ན། མི་ལོ་དྲུག་ཅུ་ཙམ་ནང་གཞན་ཡུལ་དུ་ཁ་འཐོར་གནས་དགོས་ཀྱི་གནས་སྟངས་འོག་བཙན་བྱོལ་བའི་སྤྱི་ཚོགས་མང་གཙོའི་མཚན་ཉིད་དང་ཆ་ལག་ཡོངས་སུ་ཚང་བ་ཀུན་གྱིས་བསྟོད་བསྔགས་བྱ་ཡུལ་ཞིག་ཏུ་གྱུར་ཐུབ་ཡོད་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་དང་དབུ་འཁྲིད་ལམ་སྟོན་ཡང་དག་མཛད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། དེ་རིང་གི་དུས་ཚེས་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ལན་བརྒྱར་ཆེ་ཆེ་ཞེས་ཞུ་རྒྱུ་ཡིན།
༸མགོན་པོ་མཆོག་གི་བཀའ༌དྲིན་ཁོ་ན་ལ་བརྟེན་ནས་འཛམ་གླིང་ནང་བཙན་བྱོལ་བ་མང་པོ་ཡོད་པའི་ནང་ནས་བོད་མི་རྣམས་ཀུན་དང་མི་འདྲ་བ་ཆགས་ཐུབ་པ་དང་། གནས་དུས་ལ་གཞིགས་པའི་བཙན་བྱོལ་ནང་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་ད་ལྟའི་བར་གྱི་མདུན་བསྐྱོད་ཀྱི་འཕེལ་རིམ་ལ་ཡང་འཛམ་གླིང་གི་ཕྱོགས་གང་ས་ནས་བསྔགས་བརྗོད་འཐོབ་བཞིན་ཡོད་པ་ནི་དགའ་སྤོབས་བྱ་འོས་ཤིག་ཡིན་ནའང་། ད་དུང་ང་ཚོས་ཚགས་ཚུད་བཏང་སྟེ་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུའི་བློ་སྟོབས་བསྐྱེད་དགོས་པ་ཞིག་ཡིན། ཉེ་ཆར་རང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝིཌ་པྲཱིས་མཆོག་གིས་དབུ་འཁྲིད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་སཱ་ལར་ཆེད་ཕེབས་གནང་སྐབས་ཀྱང་བོད་མིའི་མང་གཙོའི་འཕེལ་རིམ་དང་དེའི་གྲུབ་འབྲས་སོགས་ལ་ཡི་རངས་བསྔགས་བརྗོད་གནང་བ་དང་། དེ་བཞིན་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་ཡོད་པ་གསལ་འདོན་གནང་ཡོད་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན།
མང་གཙོའི་སྤྱི་ཚོགས་ནང་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་དོན་དུ་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་མང་པོ་ཡོང་ཆོག་པ་ཡིན། དེ་བཞིན་མང་གཙོའི་ལམ་ལུགས་ནང་ཐོབ་ཐང་དང་ལས་འགན་གཉིས་ནི་ཕན་ཚུན་ཡ་མ་བྲལ་བར་འགྲོ་དགོས་པ་ལས། ལས་འགན་ལ་བརྩི་མེད་ཀྱིས་སྨྲ་བརྗོད་རང་དབང་སོགས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་རློམ་གྱིས་འགན་འཁུར་རྩ་བ་ནས་མི་དགོས་པའི་ནང་ཁུལ་འཁྲུག་རྐྱེན་བཟོ་བའི་བྱེད་བབ་སོགས་ནི་ཁྲིམས་ལུགས་དང་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བ་མ་ཟད། དགྲ་དགའ་གཉེན་སྡུག་གི་ལག་ཆར་ཡང་འགྱུར་ངེས་ཡིན་པས་རང་རིགས་རྒན་གཞོན་ཚང་མས་བྱ་སྤྱོད་དེ་རིགས་ལ་ཡིད་གཟབ་དགོས་པའི་སྐུལ་འདེབས་ནན་པོ་བྱ་རྒྱུ་ཡིན། མང་གཙོའི་ཆབ་སྲིད་ཀྱི་ལམ་ལུགས་ནི་སྤང་བླང་ཚུལ་བཞིན་བསྟེན་པའི་སྒོ་ནས་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས་ཀྱི་ཡོད་པར་བརྟེན། མང་གཙོ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་འགོག་རྐྱེན་ཇི་སྙེད་ཅིག་འཕྲད་རྒྱུ་སྨོས་མེད་ཡིན་ནའང་སྐྱོན་རྣམས་ཡོ་བསྲང་བྱས་ནས་ཡར་རྒྱས་ཡོང་བར་འབད་བརྩོན་བྱེད་རྒྱུ་དེ་གནད་འགག་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་འཁྲིད་གནང་མཛད་པ་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་རང་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་ལ་བརྟེན་དགོས་པའི་ལམ་སྟོན་མཐའ་འཁྱོངས་མཛད་པ་ལ་བརྟེན་ནས་བོད་ཀྱི་བདེན་དོན་དང་བོད་མིར་འཛམ་གླིང་ཁྱོན་ཡོངས་དང་། རྒྱ་ནག་སྐམ་ས་ཆེན་པོའི་ཤེས་ཡོན་ཅན་དང་རང་བློ་གཟུ་བོར་གནས་པའི་མི་སྣ་མང་པོ་ནས་ཀྱང་རྒྱབ་སྐྱོར་འཐོབ་བཞིན་ཡོད། དེ་བཞིན་སྔར་ཆོས་རྒྱལ་ཚོའི་སྐུ་དུས་སུ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཡང་རྩེར་སོན་ཡོད་པ་དང་འདྲ་བར། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྨད་བྱུང་ཐུགས་བསྐྱེད་མཛད་བཟང་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ནང་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཏུ་ཆོལ་གསུམ་བོད་རིགས་ཡོངས་རྫོགས་དང་། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་བཅས་པའི་རྗེས་འཇུག་རྣམས་བོད་སྤྱིའི་བསྟན་སྲིད་རྩ་དོན་ཐོག་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་ནུས་ཤུགས་གོང་མཐོར་འཕེལ་བཞིན་ཡོད་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན།
འོན་ཀྱང་བོད་ནང་གི་བོད་མི་ཚོའི་གནས་སྟངས་ནི་མུ་མཐུད་སེམས་འཚབ་བྱེད་དགོས་ཀྱི་འོག་གནས་ཡོད། དེ་ཡང་ཕྱི་ལོ་ ༡༩༥༡ ལོར་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་སྡུག་གཅོང་མནར་གཅོད་སོགས་རྒྱུན་མི་ཆད་པར་བཏང་དང་གཏོང་བཞིན་ཡོད། བོད་མིའི་ཐོག་དམ་བསྒྲགས་ཇེ་ཆེར་གཏོང་ཆེད་སྔ་ལོའི་ལོ་འགོ་ཙམ་ནས་ནག་འཇོམས་ངན་སེལ་ལམ་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་ཟེར་བ་ཞིག་བཏང་བ་དེའི་ནང་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དེ་བཞིན་དབུ་མའི་ལམ་སྐོར་དྲིལ་བསྒྲགས་བཅས་བྱས་པ་ཡིན་ན་ལོག་སྤྱོད་ཀྱི་བསམ་བློ་དང་གུ་དོག་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པའི་ཉེས་འཛུགས་བྱས་ཏེ་ཐེར་འདོན་གྱིས་རྡུང་རྡེག་གཏོང་དགོས་སྐོར་བརྗོད་ནས་ད་ལྟའི་བར་བོད་མི་མི་ཉུང་བ་ཞིག་དངོས་སུ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་པ་ནི་དངོས་དོན་དང་མི་མཐུན་པ་ཞིག་ཡིན། དེ་ཙམ་མ་ཟད་ནག་ཚོགས་ཐེར་འདོན་དང་སྲིད་གཞུང་གི་འབྲེལ་ཡོད་ཚོར་མི་སྣ་རྩིས་སྤྲོད་བྱེད་མཁན་ཚོར་རྒྱ་སྒོར་ཁྲི་ལྔ་ནས་འབུམ་གཅིག་བར་བྱ་དགའ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་སོགས་ཀྱང་སྤེལ་ཡོད། དེ་རིགས་དེ་ནི་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབ་དར་སྤེལ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་འགན་སྲུང་བྱས་ཡོད་པ་དང་ཡོངས་སུ་འགལ་ཡོད། དེ་བཞིན་རྒྱ་གཞུང་གི་འགོ་འཁྲིད་ཚོས་བོད་ཀྱི་གནད་དོན་ཐོག་༸གོང་ས་མཆོག་དང་འབྲེལ་མོལ་བྱེད་རྒྱུའི་སྒོ་ཕྱེ་ནས་ཡོད་སྐོར་བསྒྲགས་བཞིན་ཡོད་ནའང། ༸གོང་ས་མཆོག་གི་ངོས་ནས་བོད་ཀྱི་གནད་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སེལ་རྒྱུ་དང་། དེ་ཡང་དབུ་མའི་ལམ་ནི་ཕན་ཚུན་དབར་གྱི་འབྲེལ་མོལ་གྱི་གཞི་རྩ་ཡང་ཡིན་པ་དེར་རྒྱབ་སྐྱོར་བྱེད་ན་ཁ་བྲལ་དང་ནག་གཤེད་ཕྱོགས་གཏོགས་ཀྱི་ཞྭ་མོ་གཡོགས་པའི་བྱེད་བབ་དེ་དག་ལ་བལྟས་ན་ཁ་བྲལ་བྱེད་མཁན་ངོ་མ་ནི་ས་གནས་ཀྱི་དབང་འཛིན་པ་ཚོ་རེད་ཅེས་ཚོར་ཤུགས་ཆེན་པོས་བརྗོད་འདོད་བྱུང་།
དེ་བཞིན་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། སྤྱི་ཡོངས་ནས་དགོན་སྡེ་གྲྭ་ཚང་ཁག་གི་ནང་གྲྭ་བཙུན་ཆོས་ཞུགས་བྱེེད་པའི་གྲངས་ཀར་ཚད་བཀག་བྱེད་བཞིན་ཡོད། དེའི་དཔེ་མཚོན་གསལ་ཤོས་ནི་ཉེ་བའི་ལོ་ཤས་ནང་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་སུ་གྲྭ་བཙུན་གྱི་གྲངས་ཀར་ཚད་བཀག་བཟོས་ཏེ་གདན་ས་དེ་གཉིས་ནས་བཙན་དབང་གིས་གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་དང་གྲྭ་ཤག་སྟོང་ཕྲག་བརྒལ་བ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པ་དེ་ལས་ཤེས་ཐུབ། གསེར་རྟ་བླ་རུང་སྒར་གྱི་བཙུན་མ་གསུམ་ནས་རང་ཤི་བརྒྱབ་པའི་གནས་སྟངས་ཡང་བྱུང་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་འདི་ལྟ་བུ་ཞིག་བྱེད་ཀྱི་ཡོད་པ་དང། ཡང་ཕྱོགས་གཞན་ཞིག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་ལ་ཐེ་བྱུས་དང་བདག་དབང་ཡོད་སྐོར་གྱི་སྨྱོ་ཧམ་གྱི་བྱེད་བབ་དེ་དག་ནི་དོན་དངོས་དང་མི་མཐུན་པ། འཛམ་གླིང་མི་མང་སུས་ཀྱང་ཁས་ལེན་བྱེད་ཐབས་བྲལ་བའི་གནད་དོན་ཞིག་རེད་ཅེས་ཀྱང་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་གསལ་བཟོ་བྱ་འདོད་བྱུང་།
གོང་དུ་ཞུས་པ་ལྟར་བོད་ནང་གི་གནས་སྟངས་ཐོག་དུས་དང་རྣམ་པ་ཀུན་དུ་སེམས་འཚབ་བྱེད་དགོས་པ་ཞིག་ཡིན་ནའང། བོད་དང་བོད་མིའི་བདེན་དོན་ལ་རྒྱལ་སྤྱི་ཁྱོན་ཡོངས་ནས་མུ་མཐུད་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་དགའ་སྤོབས་བྱེད་དགོས་པ་ཞིག་ཡིན། འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་སྦོ་ཚེ་ནི་ཱཡའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་ཡཱན་ཁཱ་མཱ་མཆོག་གིས་གཙོས་རྒྱལ་ཁབ་ཁག་བཅུ་གཅིག་ནས་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ལས་བྱེད་སོགས་མི་སྣ་ ༣༢ དང་། དེ་བཞིན་ཕྱི་རྒྱལ་ཡུལ་ཁག་ཏུ་གནས་སྡོད་རྒྱ་རིགས་མི་སྣ་གྲངས་ ༤༧ བཅས་ཁྱོན་མི་སྣ་ ༨༠ ཙམ་བོད་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩིའི་མཛད་སྒོར་ཆེད་ཕེབས་གནང་བ་དང་། དེ་སྐབས་སྐུ་མགྲོན་གཙོ་བོ་མཆོག་ནས། “ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་དེ་ཕྱི་ཚུལ་དུ་ཕམ་ཉེས་ལྟ་བུ་བྱུང་ཡོད་རུང་། དེ་རིང་ང་ཚོ་འདིར་འཛོམས་པ་འདི་བོད་རང་དབང་སླར་གསོའི་ལས་འགུལ་དེར་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་མི་ཁེར་རྐྱང་མ་ཡིན་པར། རྒྱལ་སྤྱི་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གོང་མཐོར་འགྲོ་བཞིན་པའི་བདེན་དཔང་ཞིག་ཡིན་པ་མཚོན་ཐུབ་”ཅེས་གསུངས་ཡོད། དེར་བརྟེན་ང་ཚོ་བོད་མི་ཚོས་སེམས་ཤུགས་ནམ་ཡང་མ་ཆག་པར་བོད་དོན་བདེན་མཐའ་གསལ་རྒྱུར་འབད་བརྩོན་མུ་མཐུད་བྱེད་དགོས་ཞུ་རྒྱུ་ཡིན།
དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་འདས་པའི་མི་ལོ་ ༦༠ ཙམ་གྱི་རིང་རྒྱ་གར་དབུས་སའི་གཞུང་དང་མི་མང་གིས་གཙོས་པའི་བོད་མིའི་རྩ་དོན་དང་ཆོས་རིག་རྒྱུན་འཛིན་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་གནང་མཁན་རྒྱལ་སྤྱིའི་གཞུང་མང་ཚོགས་སྒེར་ཡོངས་ལ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱབ་སྐྱོར་མུ་མཐུད་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད།
དེ་བཞིན་གོ་སྐབས་འདི་བརྒྱུད་ཞུ་རྒྱུར། བཀའ་སྤྱི་གཉིས་ནས་གསལ་བསྒྲགས་སྔོན་སོང་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་འོག་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་དམིགས་བསལ་ཚོགས་ཆེན་ཞིག་བསྐོང་འཚོགས་གནང་རྒྱུ་དང་། ཚོགས་ཆེན་གྱི་བརྗོད་གཞི། “བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་ཁོངས་མང་ཚོགས་ཀྱི་དགོངས་འཆར་བསྡུ་རུབ་དང་། ༸རྒྱལ་དབང་༸སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་”སྐོར་ཡིན་པས། ཚོགས་ཆེན་དང་ལྷག་པར་བརྗོད་གཞི་གཉིས་ཀྱི་གལ་ཆེའི་རང་བཞིན་ལ་བརྟེན་ནས་རྒྱ་ཆེ་མང་ཚོགས་ནས་གོང་ཞུས་བརྗོད་གཞི་སོ་སོའི་ཐོག་དགོངས་ཚུལ་ཇི་ཡོད་རྣམས་ཕྱོགས་གཅིག་ཏུ་སྤུངས་ཐབས་ཡོང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། ཁྱད་པར་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༠༢ ལ།། །།