ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཡ་མུ་ན་གཙང་པོའི་ཉེ་འགྲམ་ཧིན་དུ་གནས་ཆེན་དུ་གྲགས་པ་གྲོང་ཁྱེར་བཅོམ་བརླག་ Mathura ནང་དུ་གནས་གཟིགས་མཛད་འདུག ཁུལ་དེར་རྟེན་གཞི་བྱས་པའི་ཧིན་དུའི་མཚམས་ཁང་ Shri Udasin Karshni Ashram ཞེས་པའི་ནང་༸ཞབས་སོར་འཁོད་མཚམས། ཧིན་དུ་བླ་ཆེན་ Swami Karshni Gurusharanandaji Maharaj མཆོག་གིས་གཙོས་འབྲེལ་ཡོད་ཧིན་དུའི་བླ་སློབ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད།
དེ་རྗེས་ནག་པོ་ཆེན་པོའི་ལྷ་ཁང་དུ་གནས་གཟིགས་མཛད་རྗེས་བཞུགས་ཁྲིར་འཁོད་བསྟུན་ཧིན་དུའི་རྗེས་འབྲང་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཞབས་ཟུང་འོ་མ་དང་ཞོ། གུར་ཀུམ། ཙནྡན། ཞུན་མར་བཅས་ཀྱིས་ལེགས་པར་བཀྲུས། དེ་ནས་རིག་བྱེད་ཀྱི་ཆོ་ག་འདོན་བཞིན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧིན་དུའི་ཆོས་ལུགས་ལྟར་གུས་འདུད་རྒྱ་ཆེ་ཞུས་གྲུབ་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། གོང་དུ་ལེགས་སྦྱར་གྱི་ཚིགས་བཅད་བཏོན་གནང་བ་རེད། སྐད་ཡིག་དེ་གནའ་བོའི་སྐད་ཡིག་རྙིང་ཤོས་གྲས་རེད། རྒྱ་གར་ནང་ལྟ་གྲུབ་རྙིང་ཤོས་གྲངས་ཅན་པའི་ལྟ་གྲུབ་རེད། སྐད་དེའང་ལེགས་སྦྱར་ལ་ཁུངས་གཏུགས་ཡོད་པ་ངེས་པ་རེད།
དེ་བཞིན་གཅེར་བུ་པར་མཚོན་ནའང་ལེགས་སྦྱར་སྐད་ལ་གཞི་བཅོལ་བ་སྨོས་མེད་རེད། དེ་ནས་ནང་ཆོས་ལ་མཚོན་ན་ཕྱོགས་གཅིག་པཱ་ལིའི་སྐད་ནང་ཡོད། དཔལ་ནཱ་ལེནྡྲ་ནས་དར་བའི་སངས་རྒྱས་པའི་གཞུང་དེ་དག་གཙོ་བོ་ལེགས་སྦྱར་སྐད་ནང་ཡོད་པ་རེད། དཔེར་ན་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད། སངས་རྒྱས་བསྐྱངས་སོགས་མཁས་པ་དེ་དག་གིས་བརྩམས་པའི་གཞུང་དེ་དག་ལེགས་སྦྱར་སྐད་ནང་ཡོད། ལེགས་སྦྱར་སྐད་མཁྱེན་མཁན་ངོས་ཀྱི་བླ་མ་ཞིག་ཡོད། ཁོང་གིས་གསུང་པ་ལྟར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལྟ་བུར་མཚོན་ན་ལེགས་སྦྱར་སྐད་ཡིག་ཧ་ཅང་སྤུས་དག་པོ་ཡོད་པ་དང་། མཁས་པའི་ཡང་རྩེ་ཡིན་པ་གསུངས་བྱུང་།
ཕྱོགས་མཚུངས་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་ཚིག་ལིའུར་བྱས་པ་ལ་སོགས་པའི་གཞུང་དེ་དག་ལེགས་སྦྱར་སྐད་ཡིག་རྩེ་ཕུད་ཡིན་པ་གསུངས་བྱུང་། རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་མང་པོ་ཞིག་སྐད་ཡིག་འདིའི་ནང་ཡོད། དེར་བརྟེན་ངོས་ཀྱིས་སྐད་ཡིག་འདི་ཧ་ཅང་རྩ་བ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། ངོས་རང་ཆུང་དུས་སྒྲ་མདོ་ཀཱ་ལ་པ་བསླབས་པ་ཡིན། ལིའུ་དང་པོ་ཧ་ཅང་མགོ་རྙོག་ཚ་པོ་འདུག བོད་པའི་རིག་གཞུང་ནང་རིག་གནས་ཆེ་བ་ལྔ་ཞེས་ཡོངས་གྲགས་རེད། སྒྲ་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། བཟོ་རིག་པ། ནང་དོན་རིག་པ། སྒྲ་རིག་པ་ཞེས་པ་དེ་ལེགས་སྦྱར་སྐད་རེད། ང་ཚོས་རྩ་ཆེར་བརྩིས་ནས་སྦྱང་སྲོལ་ཡོད། དེར་བརྟེན་ཁྱེད་ཚོས་ལེགས་སྦྱར་སྐད་ནང་ཚིགས་བཅད་འདོན་སྐབས་ངོས་རང་སེམས་འགུལ་ཧ་ཅང་ཐེབས་བྱུང་།
སྐད་ཡིག་དེའི་ནང་གི་ལྟ་གྲུབ་ཐོག་མ་དེ་གྲངས་ཅན་པ་ཕལ་ཆེར་རེད། བསླབ་བྱ་གཙོ་བོ་འཚེ་བ་མེད་པ་དང་སྙིང་རྗེ་གསུངས་ཡོད། བསླབ་བྱ་དེ་དག་ད་ལྟའི་འཛམ་གླིང་ནང་དུ་ཧ་ཅང་དགོས་མཁོ་ཅན་ཞིག་ཆགས་ཡོད། འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་ལ་བརྟེན་ནས་ཡུལ་འདིར་འཛམ་གླིང་གཞན་ལ་མིག་དཔེ་འོས་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ཉམས་བཞེས་ལོ་ངོ་སྟོང་གི་རིང་ནས་དར་ཡོད། གཞོན་སྐྱེས་ཚོས་དེང་དུས་ཤེས་ཡོན་གྱི་ཚན་རིག་དང་དཔལ་འབྱོར། འཕྲུལ་རིག་སོགས་ཧ་ཅང་གལ་ཆེ་བར་བརྟེན་དེ་དག་ལ་སྦྱང་བརྩོན་བྱེད་དགོས་པ་མ་ཟད། རྒྱ་གར་རང་ཉིད་ནང་ལོ་ངོ་སྟོང་གི་རིང་ནས་དར་བའི་འཚེ་བ་མེད་པའི་ལྟ་གྲུབ་དང་། སྙིང་རྗེའི་ཉམས་ལེན་དེ་དག་གཅེས་ཉར་བྱེད་དགོས། འཛམ་གླིང་ནང་ཆོས་ལུགས་འཆམས་མཐུན་གྱི་དཔེ་མཚོན་གཞག་དགོས་བྱུང་ན་རྒྱ་གར་ནི་དཔེ་མཚོན་ཡག་ཤོས་རེད། རྒྱ་གར་ཡུལ་འདིར་མཚོན་ན་ཆོས་ལུགས་འདྲ་མིན་མང་པོ་ཡོད་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་གུས་ཞབས་ཐོག་བྱས་ནས་བློ་སྐྱེད་ལེན་རེས་བྱེད་བཞིན་ཡོད། དེར་འཛམ་གླིང་གཞན་གྱིས་ངེས་པར་བློ་སྐྱེད་ལེན་དགོས།
ཆོས་ཁས་ལེན་མིན་གང་ཡིན་ཡང་། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་རེད། ཚན་རིག་པས་ཀྱང་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་པ་རྗོད་ཀྱི་འདུག ད་ཆ་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུའང་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་སློབ་གསོ་ངེས་པར་དུ་སྤྲོད་དགོས་པར་མཐོང་། ང་ཚོས་ལུས་པོའི་འཕྲོད་བསྟེན་གཙིགས་ཆེར་འཛིན་པ་ལྟར། ནང་གི་བསམ་བློའི་འཕྲོད་བསྟེན་ཡང་གལ་ཆེ་ཡིན་སྟབས། གཞི་རིམ་ནས་མཐོ་སློབ་བར་གྱི་སློབ་ཚན་ནང་ངེས་པར་དུ་འཇོག་དགོས། འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་དེ་རྒྱ་གར་ཙམ་མ་ཟད། འཛམ་གླིང་ཁྱོན་དུའང་དགོས་མཁོ་དང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད། ད་ལྟའི་འཛམ་གླིང་ནང་འཚེ་བའི་བྱ་སྤྱོད་ཧ་ཅང་ཤུགས་ཆེ་སྤེལ་བཞིན་པ་དང་། མཚོན་ཆར་དང་འདོད་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག གནས་སྟངས་འདི་མུ་མཐུད་ནས་ཕྱིན་པ་ཡིན་ན་མིར་དཀའ་སྡུག་མང་པ་མྱོང་རྒྱུ་རེད། དེར་བརྟེན་ཐབས་ལམ་གཅིག་པུ་དེ་འཚེ་བ་མེད་པ་དང་སྙིང་རྗེའི་ཉམས་ལེན་རེད། གཞན་ལ་མིག་དཔེ་སྟོན་པར་དང་ཐོག་རྒྱ་གར་རང་གྱི་ནང་སྲོལ་རྒྱུན་རིག་གནས་ཉམས་པ་དེ་དག་སླར་གསོ་ཡོང་ཐབས་བྱེད་དགོས། ཚོགས་པ་འདིས་སྲོལ་རྒྱུན་རིག་གནས་དེ་དག་སྲུང་སྐྱོབ་ཆེད་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད་པར་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་པ་བཅས། །