ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༩ ཚེས་ ༩ ཉིན་གྱི་སྔ་དྲོ་ཚོུད་ ༩ ཙམ་ལ་རྡ་སར་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་གཞུང་གི་མཐོ་སློབ་ཀྱི་སློབ་སྤྱི་ Jayoti Kumar ལགས་ཀྱིས་གཙོས་དགེ་ལས་ཁག་གཅིག་ལ་གཟིམ་ཆུང་མཇལ་ཁའི་སྐབས། རྒྱ་གར་ནང་དུ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲ་ནས་དར་བའི་གཙོ་བོ་སེམས་ཁམས་རིག་པ་དང་འབྲེལ་བའི་ལེགས་བཤད་དེ་དག་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་བཞག་ནས་སློབ་འཁྲིད་གནང་ཐབས་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། རྒྱ་གར་ནང་གི་ཤེས་ཡོན་ལམ་ལུགས་དེ་དེ་སྔ་ཨིན་ཇིས་གཏན་འབེབས་བྱས་པ་དེ་རེད། དེ་ནི་གཙོ་བོ་ནུབ་ཕྱོགས་པའི་ཤེས་ཡོན་ལམ་སྲོལ་ལ་གཞི་བཅོལ་བ་ཞིག་རེད། ལམ་ལུགས་དེའི་ནང་མིའི་སེམས་ཚོར་དང་འབྲེལ་བའི་ཆགས་སྡང་གི་བློ་སོགས་ཉོན་མོངས་པའི་བསམ་བློ་དེ་དག་གཉེན་པོ་བསྟེན་ཕྱོགས་སྐོར་ཤེས་རྟོགས་མེད། རྣམ་གཞག་དེ་ཚོའི་ཐོག་ལ་རྒྱ་གར་འཕགས་ཡུལ་འདི་ཉིད་ནང་ལོ་ངོ་གསུམ་སྟོང་ཙམ་ནས་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་དར་ཡོད། སྟོན་པ་བཅོམ་ལྡན་འདས་འཇིག་རྟེན་འདིར་མ་བྱོན་པའི་སྔ་རོལ་དུ་དར་སྲོལ་ཡོད་འདུག སྟོན་པ་རང་ཉིད་ལ་མཚོན་ནའང་ལེགས་བཤད་དེ་དག་བསླབས་ཡོད། ཉོན་མོངས་པའི་བློར་གཉེན་པོ་བསྟེན་རྒྱུའི་ཐབས་ལམ་བཟང་ཤོས་ནི་དེ་ལྟ་བུའི་རྒྱ་གར་གནའ་རབས་སྲོལ་རྒྱུན་གྱི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་རེད། དེང་དུས་རྒྱ་གར་སྤྱི་ཚོགས་ནང་ལེགས་བཤད་དེ་དག་བསྐྱར་གསོ་དགོས་ངེས་རེད།
གང་ཡིན་བརྗོད་ན་གནའ་དེང་ཤེས་ཡོན་ཟུང་འབྲེལ་ཐུབ་མཁན་རྒྱ་གར་འཕགས་ཡུལ་འདི་ཁོ་ན་ཆགས་ཡོད། དེ་ལྟར་བྱུང་ཚེ་དེང་དུས་ཤེས་ཡོན་གྱིས་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ལ་ཕན་ཞིང་། སྲོལ་རྒྱུན་ལེགས་བཤད་ལ་བརྟེན་ནས་ཆགས་སྡང་སོགས་མི་མཐུན་ཕྱོགས་ཀྱི་བློར་གཉེན་པོ་བསྟེན་ཐུབ་པ་ཞིག་ཆགས་ཐུབ། དང་ཐོག་རྒྱ་གར་རང་གི་ནང་དུ་བསྐྱར་གསོ་ཐུབ་ཚེ་རིམ་བཞིན་འཛམ་གླིང་ཕྱི་ལ་མིག་དཔེ་བསྟེན་ཐུབ། དེ་བརྒྱུད་ཕྱི་དངོས་པོའི་འཛུགས་སྐྲུན་ཁོ་ནར་དོན་གཉེར་བྱས་པ་ཙམ་གྱིས་མ་འདང་བ་དང་། ནང་གི་གཤིས་རྒྱུད་དུལ་བ་ཞིག་ཡོང་བ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་ར་སྤྲོད་བྱས་ཐུབ། སྨོན་ལམ་བརྒྱབ་པ་ཙམ་གྱིས་ཉོན་མོངས་པའི་བློ་དེ་དག་ཞི་མ་ཐུབ་པར་བརྟེན་བློ་སྦྱངས་ནས་སེལ་དགོས་པ་རེད། ཆོས་ཁས་ལེན་མིན་ཁྱད་གང་ཡང་མེད། ཆོས་ཁས་ལེན་མཁན་ཞིག་ཡིན་ནའང་ཆོས་ལུགས་གང་ཡིན་སོགས་རིམ་པ་གཉིས་པའི་གནས་སྟངས་རེད། དེར་ཁྱད་གང་ཡང་མེད། གཙོ་ཆེ་ཤོས་དེ་ང་ཚོའི་རྒྱུད་ལ་ཡོད་པའི་ཆགས་སྡང་གི་བློ་དེ་དག་གི་བྱེད་ལས་དང་རྒྱུ་རྐྱེན་རྩད་གཅོད་བྱས་ནས་མིའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བརྒྱུད་ཆགས་སྡང་སོགས་ཉོན་མོངས་པའི་བློ་མ་རུང་བ་དེ་དག་ལ་རྒྱབ་རྟེན་གྱི་ཚད་མ་མེད་པ་དང་། དེ་ལས་ལྡོག་སྟེ་བྱམས་པ་དང་བརྩེ་བ་སོགས་ལ་རྒྱབ་རྟེན་གྱི་ཚད་མ་ཡོད་སྟབས་རིམ་བཞིན་སྒོམ་བརྒྱབ་པའང་བློ་སྦྱང་ནས་བྱམས་པ་དང་སྙིང་རྗེའི་བློའི་ནུས་པ་གོང་སྤེལ་གཏོང་ཐུབ།
ཉོན་མོངས་པའི་བློ་དཔེར་ན་ཁོང་ཁྲོ་ལྟ་བུར་མཚོན་ན་མ་རིག་པ་ལས་བྱུང་བ་ཡིན་སྟབས་མི་ཤེས་པའི་དབང་གིས་ཡོང་བ་རེད། ད་ཆ་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་ཚོས་ཀྱང་ཆོས་རྣམས་ཀྱི་སྣང་གནས་མི་མཐུན་པའི་སྐོར་ཧ་ཅང་གསལ་པོ་གསུང་བཞིན་འདུག ཁོང་ཚོས་བརྟག་དཔྱད་ལམ་ནས་ཆགས་སྡག་སོགས་ཉོན་མོངས་པའི་བློ་དེ་དག་ཕལ་ཆེ་བ་ཕྱིའི་སྣང་ཚུལ་ལ་བརྟེན་ནས་སྐྱེ་བཞིན་ཡོད་ཀྱང་ཆོས་གང་ཡིན་ཇི་ལྟར་སྣང་བ་ལྟར་དུ་གྲུབ་མེད་པར་བརྗོད་བཞིན་འདུག ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་ཚོས་ཆོས་རྣམས་ལ་བརྟག་དཔྱད་བྱེད་སྐབས་མཐར་གཏུག་ན་གང་ཡང་རྙེད་རྒྱུ་མེད་པ་ར་འཕྲོད་བྱུང་འདུག དེ་ལ་བརྟེན་ནས་ཆོས་རྣམས་ལ་ཞེན་ཆགས་ཀྱི་བསམ་པ་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་འགའ་རས་བརྗོད་ཀྱི་འདུག
ང་རང་ཚོའི་བློ་རང་ཚན་པར་ཆོས་རྣམས་རང་ངོས་ནས་གྲུབ་པ་ཞིག་སྣང་བ་ཡིན་སྟབས་དེ་ལ་བརྟེན་ནས་ཆགས་སྡང་གི་བློ་སྐྱེ་བཞིན་ཡོད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ནས་རྒྱ་གར་འཕགས་ཡུལ་འདི་ཁོ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཐོག་འབད་བརྩོན་བྱེད་ཐུབ་རྒྱུ་དང་། དེའི་འབྲས་བུ་དེ་ལོ་ངོ་ཉི་ཤུ་སུམ་ཅུའི་ནང་འཐོན་གྱི་རེད། རྒྱ་གར་བ་ན་གཞོན་མི་རབས་གསར་པའི་ཁྲོད་སྲོལ་རྒྱུན་སེམས་ཁམས་རིག་པའི་རྣམ་གཞག་སྐོར་རྒྱུས་ཡོད་ཇི་ཙམ་ཆེ་བ་ཡོད་པ་དེ་ཚོད་ཀྱིས་གང་ཟག་སྒེར་ལ་མཚོན་ནའང་སེམས་ཞི་བདེ་བག་ཕེབས་ལྡན་ཞིང་། གཞན་ལའང་ཉམས་མྱོང་བརྗེ་ལེན་བྱེད་ཐུབ་ཚེ་ངོས་ཀྱིས་བསམ་པར་དུས་རབས་འདིའི་མཇུག་ཙམ་དུ་འཛམ་གླིང་སྤྱིའི་གནས་སྟངས་དེ་ཕྲན་བུ་སྔར་ལས་ཞི་བདེ་བག་ཕེབས་ལྡན་པ་ཞིག་ཏན་ཏན་བཟོ་ཐུབ་རྒྱུ་རེད།
གྲུབ་འབྲས་ཇི་ཡིན་ལ་མ་ལྟོས་པར་ང་ཚོས་ངོས་ནས་འབད་བརྩོན་བྱས་པ་ཡིན་ན་ཕྱིས་སུ་ནོངས་འགྱོད་མེད་པ་ཞིག་ཡོང་རྒྱུ་རེད། དེའི་སྐོར་དེ་སྔ་འདིར་ཁྱེད་རང་ཚོའི་མཐོ་སློབ་ནང་དུ་སྐད་ཆ་བཤད་ཟིན་པ་རེད། ད་ཆ་ཉོན་མོངས་པའི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་མིན་ཐད་དགེ་རྒན་འོས་སྦྱོང་ཞིག་ཀྱང་གནང་བཞིན་ཡོད། ལས་འགུལ་དེ་དག་མིའི་རྣམ་དཔྱོད་དང་། ཚད་རྡུལ་དངོས་ཁམས་རིག་པའི་གྲུབ་དོན་ལ་གཞིར་བཞག་ནས་འགྲོ་རྒྱུ་མ་གཏོགས། ཆོས་ལུགས་ལ་བརྟེན་ནས་འགྲོ་རྒྱུ་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་ཡང་ཐེངས་འདིར་ཧི་མཱ་ཅལ་མངའ་གཞུང་གི་མཐོ་སློབ་ནང་དུ་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ཟླ་དྲུག་སློབ་ཚན་དེ་སྦྱོང་ཚན་ནང་བཞག་ནས་བདུན་ཕྲག་གཅིག་ཙམ་སོང་འདུག དེ་རྗེས་ལག་འཁྱེར་གནང་རྒྱུ་དང་། ཕྱིས་སུ་སློབ་ཚན་གཏན་འབེབས་ཐོག་ལོ་གཅིག་གི་ཤེས་ཚད་ལག་འཁྱེར་དང་། ལོ་གསུམ་གྱི་ཤེས་ཚད་ལག་འཁྱེར་སོགས་ཀྱི་ཐོག་ནས་སློབ་ཁྲིད་གནང་རྒྱུའི་འཆར་གཞི་ཡོད་འདུག་པ་བཅས། །