ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT གི་དྲ་ལམ་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ཚོགས་གཙོ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་ James McGovern མཆོག་གིས། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ ༼བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ ༽ H.R.4331 – To modify and reauthorize the Tibetan Policy Act of 2002, and for other purposes ཞེས་པའི་ཁྲིམས་འཆར་བཏོན་གནང་འདུག ཁྲིམས་འཆར་དེ་ནི་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་ཡིན་འདུག
དེ་ཡང་ཁྲིམས་འཆར་དེའི་ནང་དོན་གཙོ་བོ་ཨ་རིའི་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཀྱིས་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་ཞུ་རྒྱུ་དེ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས། བོད་མི་ནང་པ་ཁོ་ནས་ཐག་གཅོད་ཞུ་རྒྱུ་མ་གཏོགས་རྒྱ་ནག་གཞུང་གི་དཔོན་རིགས་དང་ལས་བྱེད་སུ་འདྲ་ཞིག་གིས་གནད་དོན་དེའི་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དམ་བསྒྲགས་ཉེས་ཆད་དགལ་རྒྱུའི་སྲིད་བྱུས་གཏན་འབེབས་དགོས་པའི་དགོས་འདུན་བཏོན་འདུག
སྤྱིར་དེ་སྔ་ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༠༢ Tibetan Policy Act of 2002 ཞེས་པ་གཏན་འབེབས་གནང་ཟིན་ཡང་། ཐེངས་འདིར་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཕྱི་ལོ་ ༢༠༡༩ ཞེས་པའི་ཁྲིམས་འཆར་བཏོན་ནས་དེ་སྔའི་སྲིད་བྱུས་དེར་བསྐྱར་བཅོས་དང་ནུས་པ་བསྐྱར་གསོ་གཏོང་རྒྱུའི་ཆེད་ཡིན་འདུག བདུན་ཕྲག་འདིའི་ནང་ཁྲིམས་འཆར་དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་སྤྱི་མཐུན་ཚོགས་པའི་སྐུ་ཞབས་མར་ཁོ་རུ་བྷིའོ་ Marco Rubio མཆོག་གིས་གྲོས་ཚོགས་གོང་མའི་ནང་གདོན་འཆར་ཡོད་འདུག
གཞན་ཡང་ཁྲིམས་འཆར་དེའི་ནང་ཇི་སྲིད་རྒྱ་ནག་གཞུང་གིས་ལྷ་སར་ཨ་རིའི་གཞུང་ཚབ་གསར་འཛུགས་མ་བྱས་བར་དེ་སྲིད་ཨ་རིའི་ནང་དུ་རྒྱ་ནག་གཞུང་ཚབ་ཁང་གསར་པ་ནམ་ཡང་འཛུགས་མི་ཆོག་པའི་དམ་བསྒྲགས་དགོས་པ་གསལ་འདུག
ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་མཁན།
1.Reps. Chris Smith
2.Marcy Kaptur
3.Brad Sherman
4 Mark Meadows
5.Thomas Suozzi
6.Tom Malinowski
7.Ben McAdams