ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡའི་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་དང་རྩིས་པ་གཅིག་ལྕོགས་དྲུང་གཞོན་བཀྲ་ཤིས་ཐག་གཅོད་ལགས་སྒྲིག་དོན་ལོ་དུས་ཚང་བར་བརྟེན། གསར་བསྐོས་དྲུང་རྩིས་གསར་པ་དྲུང་གཞོན་ལྷ་དབང་རྒྱལ་པོ་ལགས་ནང་མི་དང་བཅས་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་འདི་ག་ཨོ་གླིང་རྒྱལ་ས་ཁེན་བྷེ་ར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད་པ་དང་། དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། དྲུང་རྩིས་བཀྲ་ཤིས་ཐག་གཅོད་ལགས་རྣམ་གཉིས་ཆེད་དུ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
ཕྱི་ཟླ་ ༧ ཚེས་ ༣༡ ཉིན་དྲུང་རྩིས་གསར་པ་དངོས་སུ་ལས་བཅར་ཞུས་ཏེ་ལས་དོན་རྒྱུས་ལོན་འགོ་འཛུགས་གནང་བ་དང་། ཕྱི་ཟླ་ ༨ ཚེས་ ༡ ནས་ ༡༥ བར་དོན་གཅོད་ལས་ཁུངས་ཀྱི་འགན་འཛིན་ལས་ཚབ་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་མགོ་འདོམས་རྩིས་དཔང་འོག དྲུང་རྩིས་གསར་རྙིང་བར་སྤྱི་ཡོངས་ལས་དོན་བྱེད་ཕྱོགས་དང་། འབྲེལ་ཡོད་ཡིག་ཆ་དང་ཅ་དངོས། དཔེ་མཛོད་ཁང་གི་དཔེ་དེབ་ཁག ལས་ཁུངས་ཀྱི་འཛིན་ཆས་ཇི་ཡོད། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་འབྲེལ་བའི་མཆོད་ཆས་དང་སྐུ་རྟེན་སོགས་ཡོངས་རྫོགས་རེ་རེ་བཞིན་རྩིས་སྤྲོད་རྩིས་ལེན་འཐུས་གཙང་གནང་ཡོད་པ་དང་།
ཕྱི་ཟླ་ ༨ ཚེས་ ༡༤ དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཐུན་མོང་ནས་ལས་བྱེད་གསར་རྙིང་གཉིས་དང་ནང་མི་བཅས་པར་ཕེབས་བསུ་དང་ཕེབས་བསྐྱེལ་གྱི་གསོལ་སྟོན་ཞིག་གཤམས་པ་དང་། གསོལ་སྟོན་ཐོག་ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཡུན་རིང་བོད་མིའི་སྒྲིག་འཛུགས་ནང་དུ་ཕྱག་ལས་དང་འགན་འཁུར་གནང་མྱོང་མཁན་དཔལ་ལྡན་བཀའ་ཟུར་དཔལ་འབྱོར་ཚེ་རིང་ལགས་དང་། དཔལ་ལྡན་ཕྱི་དྲིལ་དྲུང་ཟུར་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས། ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་དང་པོ་བསམ་མཁར་མི་འགྱུར་རྡོ་རྗེ་ལགས། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཟུང་དྲུང་ཟུར་པ་འཇིགས་མེད་པ་སངས་ལགས་བཅས་གདན་འདྲེན་ཞུས་ཏེ། ཕྱོགས་ཕན་ཚུན་ལས་ཀའི་ཉམས་མྱོང་དང་ལས་དོན་བྱེད་ཕྱོགས་སྐོར་བསླབ་བྱ་ལེན་རེས་ཀྱི་བཀའ་མོལ་ལྷུག་པོ་བྱུང་བ་མ་ཟད། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་གཡུལ་རྒྱལ་ལགས་ནས་ཚོགས་པའི་ཚབ་ཞུས་ཏེ་དགའ་བསུའི་གསུང་བཤད་དང་མཇལ་དར་ཕུལ་བ་དང་། དོན་གཅོད་ལས་ཁུངས་ནས་སྒྲིག་དོན་ལས་བྱེད་གནས་སྤོའི་ཕྱག་རྟགས་ཀྱང་ཕུལ་ཡོད།
ཕྱི་ཟླ་ ༨ ཚེས་ ༡༩ ཉིན་དོན་ཁང་གི་དྲུང་གཞོན་བཀྲ་ཤིས་ཐག་གཅོད་ལགས་ཕྱིར་རྒྱ་གར་དུ་ལོགས་ཕེབས་སྐབས། དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་གཉིས་ཁེན་བྷེ་ར་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་བསྐྱེལ་ཞུས་པ་དང་། དཔལ་ལྡན་བཀའ་ཤག་གིས་གནས་སྤོས་བཀོད་སྒྲིག་གནང་བ་ལྟར་དྲུང་གཞོན་བཀྲ་ཤིས་ཐག་གཅོད་ལགས་བཀའ་དྲུང་ཡིག་ཚང་དུ་ཕྱག་ལས་གནང་རྒྱུ་ཡིན་འདུག་པ་བཅས། །