ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༦ རེས་གཟའ་མིག་དམར།
༼གསར་འགོད་གསལ་བསྒྲགས།༽
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་བོད་མིའི་གཞིས་སྒར་ཁག་ ༤༥ ཡོད་ཁོངས་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་གཞིས་ཆགས་ཆེ་ཁག་གསུམ་དང་ཁ་འཐོར་གནས་འཁོད་མང་ཚོགས་རྣམས་ཀྱི་འཚོ་རྟེན་གཙོ་བོ་སོ་ནམ་འདེབས་ལས་དང་ཚོང་ལས་ཆུང་རིགས་ནས་ཉིན་རེའི་འཚོ་བ་བསྐྱེལ་བཞིན་ཡོད། རྒྱ་གར་གཞུང་མང་དང་འབྲེལ་ཡོད་མངའ་སྡེ་གཞུང་མང་བཅས་ནས་དེར་འཁོད་མང་ཚོགས་ལ་རྒྱུན་མཐུད་རོགས་བསྐྱོར་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་རྒྱུན་དུ་ནང་ཁུལ་ཆབ་སྲིད་ཀྱི་གནས་དོན་འོག་བོད་མི་རྣམས་ལ་དཀའ་ངལ་འཕྲད་མུས་བཞིན། ཕྱི་ལོ་ ༢༠༡༩ ཟླ་ ༠༢ ཚེས་ ༡༤ མཚན་མོ་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཀྲ་ན་གྷར་ཉེ་འདབས་སུ་ན་ཧར་ལ་གྷན་ (Naharlagun) ས་གནས་སུ་དེ་ཁུལ་ཡུལ་མི་ཁག་གཅིག་ནས་མངའ་སྡེའི་ནང་གྲངས་ཉུང་མི་རིགས་ཀྱི་ལག་འཁྱེར་སྤྲོད་ཕྱོགས་ལ་ཁ་གཡར་ཏེ་ན་ཧར་ལ་གྷན་ས་གནས་སུ་རྒྱུན་མཐུད་ངོ་རྒོལ་བྱས་ཡོད། དེ་སྐབས་གནས་དོན་མང་དག་བྱུང་ཁོངས་ན་ཧར་ལ་གྷན་ས་གནས་ཀྱི་ཀྲ་ཀར་ (Takar Complex) ཁྲོམ་རར་གཏོར་བཅོམ་ཚད་མེད་དང་། ཁྲོམ་ར་ཡོངས་རྫོགས་མེར་བསྲེགས་བཏང་པའི་དོན་རྐྱེན་ནང་བོད་མི་ཚོང་ལས་དང་ཟ་ཁང་གཉེར་བཞིན་པའི་དུད་ཚང་ ༡༦ གི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་མེར་བསྲེགས་བཏང་སྟེ་ལོ་མང་དཀའ་ལས་བརྒྱབ་པའི་ཚོང་ཟོག་རྣམས་མེད་པ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད།
ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༠༧ ཉིན་དུད་ཚང་ ༡༦ ཡི་སྐུ་ཚབ་རྣམས་༸དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག ནང་སྲིད་ལས་ཁུངས་བཅས་སུ་ཆེད་བཅར་གྱིས་གོད་ཆག་གི་གནས་སྟངས་ཇི་བྱུང་ཡིག་ངག་གཉིས་བརྒྱུད་བདེ་སྡུག་དཀའ་སེལ་ཡོང་བའི་རེ་འབོད་ཞུས་དོན་ལྟར་གྱི་གང་ཡོང་གནང་རྒྱུའི་བཀའ་བཞེས་གནང་ཡོད། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཚབས་ཆེའི་གནས་དོན་བྱུང་མ་ཐག་ཕྱི་ནང་རོགས་ཚོགས་སྤྱི་སྒེར་དང་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་གཅིག་ཕན་གཅིག་གྲོགས་མཚོན་བྱེད་འཁོད་དཔག་ཞལ་འདེབས་བསྡུ་སློང་ཞབས་བསྐུལ་གསལ་བསྒྲགས་བསྐྱངས་དོན་བཞིན། གཏོང་ཕོད་ཅན་གྱི་རོགས་ཚོགས་དང་མང་ཚོགས་བཅས་ནས་དུས་བཀག་ནང་འཚུད་ཞལ་འདེབས་ཧིན་སྒོར་ ༣༦,༣༩,༣༦༢ ཐོབ་པ་བྱུང་ཡོད།
བཀའ་འབྲེལ་བཞིན་གོང་གསལ་ཞལ་འདེབས་བྱུང་བ་ཁག་དུད་ཚང་ ༡༦ ལ་གཅིག་མཚུངས་ཆ་བགོས་ཀྱིས་དུད་ཚང་རེར་སྒོར་ ༢,༢༧,༠༠༠ གོད་ཆག་བྱུང་བའི་ཁྱིམ་ཚང་རྣམས་ཀྱི་འཚོ་རྟེན་སླར་གསོའི་ཆེད་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ཤ་ཁུ་ཤ་འཐིམ་གནད་སྨིན་ཁུངས་འགྲེམས་ཞུ་རྒྱུ་དང་། ལྷག་འཕྲོས་སྒོར་ ༧,༣༦༢ འབྲེལ་ཡོད་ས་འགོའི་ལས་ཁུངས་ནས་ཞལ་འདེབས་བགོ་འགྲེམས་སྐབས་སུ་སྣུམ་འཁོར་རྩག་རྩིག་འགྲོ་གྲོན་ཆེད་ཁུངས་བཏང་ཟིན་པ་ཡིན། གོ་སྐབས་འདི་བརྒྱུད་ད་ལན་མཐའ་མཚམས་ས་ཁུལ་ཨི་ཊ་ན་གྷར་ཁུལ་གནས་བོད་མི་རྣམས་ལ་ལྡོག་བྲལ་དཀའ་ཚེགས་ཀྱི་གནས་སུ་ལྷུང་བའི་
སྐབས་འདིར་གཏོང་ཕོད་ཅན་གྱི་ཕྱི་ནང་རོགས་ཚོགས་དང་མང་ཚོགས་བཅས་ནས་ཞལ་འདེབས་རྒྱ་གང་ཆེ་གནང་པར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སླད་ཀྱང་དེ་ལྟའི་གནས་དོན་ས་གནས་གང་དུ་བྱུང་ཀྱང་སྐྱིད་སྡུག་མཉམ་མྱོང་གི་རོགས་ཕན་རྒྱ་གང་ཆེ་གནང་ཐབས་ཡོང་བ་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༠༦ ལ།།