ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ས་ཁུལ་མ་ནཱ་ལིར་རྟེན་གཞི་བྱས་པའི་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་སྐབས་བཀའ་སློབ་སྩལ་དོན། ༸གོང་ས་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ཕྱག་འདེབས་མཛད་པའི་འོན་མངའ་རིས་གྲྭ་ཚང་ནི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཐུན་མོང་མིན་པའི་འབྲེལ་བ་ཡོད། དེ་རེས་འདིར་བྱེས་ཀྱི་མངའ་རིས་གྲྭ་ཚང་དུ་འཁོད་ནས་ཉིན་ཤས་རིང་སེར་སྐྱ་མང་ཚོགས་ལ་ཆོས་འབྲེལ་དང་། དེ་རིང་དགོན་པ་ནས་ཁྱེད་རང་ཚོས་བརྟན་བཞུགས་གསོལ་འདེབས་གནང་བ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེའི་གོང་ལ་གྲྭ་ཆུང་ཚོས་རྩོད་རྒྱུགས་བཏང་བ་རེད།
གང་ལྟར་རྩོད་པ་ནི་ཧ་ཅང་གལ་ཆེན་པོ་རེད་འདུག སངས་རྒྱས་པའི་ཆོས་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཚད་མ་རིག་པའི་ལམ་ནས་དཔྱད་པ་བྱས་ནས་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་གཏན་ལ་འབེབས་བཞིན་ཡོད། གཙོ་བོ་གཞིའི་གནས་ཚུལ་རེད་འདུག གཞིའི་གནས་ཚུལ་དང་འབྲེལ་ནས་ལམ་གྱི་གནས་ཚུལ་བཤད་ཀྱི་ཡོད། ལམ་གྱི་གནས་ཚུལ་ཐོག་ནས་འབྲས་བུའི་ཡོན་ཏན་བཤད་ཀྱི་ཡོད་སྟབས། གཞིའི་གནས་ཚུལ་བདེན་གཉིས་ཀྱི་ཐོག་ནས་བདེན་བཞིའི་རྣམ་གཞག་དང་འགོག་བདེན། ད་ལྟ་ང་ཚོའི་རྒྱུད་ལ་མེད་ཀྱང་རྒྱུད་ལ་འབྱུང་རུང་ཡིན་པ་རིག་པའི་ལམ་ནས་ཡག་པོ་བཤད་ཐུབ་ན་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཡོང་གི་རེད། དེར་བརྟེན་ཁྱེད་རང་ཚོས་དཔེ་ཆ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག
དངོས་ཡོད་གནས་ཚུལ་ལ་ལྟོས་དང་། འཛམ་གླིང་འདིའི་སྟེང་ནང་པ་ཧ་ཅང་ཕོན་ཆེན་པོ་ཡོད། ཕལ་ཆེར་དུང་ཕྱུར་ཁ་ཤས་ཡོད་པ་རེད། འོན་ཀྱང་ནང་པ་དེ་དག་གི་ནང་ནས་པཱ་ལིའི་ཆོས་བརྒྱུད་འཛིན་པ་གནང་མཁན་དེ་དག་འདུལ་བའི་ཉམས་བཞེས་བསམ་གྱི་མི་ཁྱབ་པ་ཡོད་ཀྱང་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་རྒྱུའི་གཞུང་ཆེན་ཁོ་རང་མེད། དེ་བཞིན་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་དང་ཀོ་རི་ཡ། ཉི་ཧོང་དེ་ཚོའི་གྲས་རེད། འོན་ཀྱང་སློབ་གཉེར་གང་ཡང་མེད། ལྷག་དོན་དུ་ཚད་མའི་གཞུང་མེད། ཚད་མའི་གཞུང་བསྒྱུར་མེད། དེར་བརྟེན་ཚད་མའི་གཞུང་ལྟ་རྒྱུ་ཡོད་པ་ཕལ་ཆེར་ང་ཚོ་བོད་དང་སོག་པོ། ཧི་མཱ་ལ་ཡ་རི་རྒྱུད་དེ་དག་ཁོ་ན་རེད་འདུག བོད་ལ་ཚད་མའི་གཞུང་ལ་ཐུགས་སྣང་ཆེན་པོ་གནང་སྟེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཁོང་རང་ཉིད་ཚད་མར་ཐུགས་སྣང་ཧ་ཅང་གནང་ནས་ཚད་མ་རིགས་གཏེར་མཛད་པ་རེད།
དེ་ནས་རིམ་པས་ཕྱྭ་པ་ཆོས་སེང་ཡབ་སྲས་ཀྱིས་ཕལ་ཆེར་རྩོད་པར་དམིགས་བསལ་ཐུགས་སྣང་གནང་ཡོད། དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་ནང་རིགས་པའི་ལམ་ནས་སངས་རྒྱས་པའི་ཆོས་གཏན་ལ་དབབ་རྒྱུ་ཕལ་ཆེར་བོད་དང་སོག་པོ་གཅིག་པུ་རེད། བར་སྐབས་ནས་སོག་པོ་ཧ་ཅང་ཉམས་ཆག་ཕྱིན་ཟིན་པ་རེད། དེར་བརྟེན་ད་ཆ་བོད་གཅིག་པོ་རེད་འདུག ང་ཚོས་ད་བར་དུས་རབས་བརྒྱད་པ་མཁན་ཆེན་ཞི་བ་འཚོ་ནས་བཟུང་དུས་ད་ལྟ་བར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་རིགས་ལམ་གྱི་ཐོག་ནས་གཏན་ལ་དབབ་རྒྱུ་ཡོད་པ་འདི་ད་བར་ང་ཚོས་བཟུང་ནས་བསྡད་པ་རེད།
དེ་སྔ་ཡིན་ན་ཕལ་ཆེར་རྩོད་པ་རྩོད་དུས་བོད་པ་ནང་ཁུལ་ལ་ཆ་བཞག་ནའང་དེ་ཙམ་དོ་སྣང་ཡོད་མེད་སྣ་ཚོགས་ཆགས་ཀྱི་འདུག དེང་སྐབས་འཛམ་གླིང་ཕྱི་རུ་སླེབས་ནས་ཆོས་ལུགས་འདྲ་མིན་དང་ལྷན་བགྲོ་གླེང་དང་འབྲེལ་བ་བྱེད་རྒྱུ། དེ་བཞིན་ཚན་རིག་པ་དང་ལྷན་འབྲེལ་བ་དང་བགྲོ་གླེང་བྱེད་རྒྱུ་ཆགས་ཡོང་སྐབས་ཚད་མ་རིག་པའི་ཐོག་ནས་གཞིའི་གནས་ཚུལ་གཏན་ལ་དབབ་རྒྱུ་ཧ་ཅང་རྩ་ཆེན་པོ་རེད་འདུག ཧ་ཅང་གལ་ཆེན་པོ་རེད་འདུག ན་ནིང་ཡིན་པ་ཡོད། ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མི་སྣ་གང་ཙམ་ངོས་དང་ཐུག་འཕྲད་ཀྱིས་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་དགོན་པ་ཡོངས་རྫོགས་སློབ་གཉེར་ཁང་ངམ་ཤེས་ཡོན་གྱི་བསྟི་གནས་ཁང་བཟོ་ཐབས་བྱེད་ཀྱི་ཡིན་ཞེས་ངོས་ལ་བརྗོད་བྱུང་། ངོས་ཀྱིས་བསྔགས་བརྗོད་ཆེན་པོ་བྱས་པ་ཡིན།
ནང་ཆོས་སློབ་སྦྱོང་བྱེད་རྒྱུ་ནི། གྲྭ་པ་ཁོ་ནའི་སྐད་ཆ་མ་རེད། དཔེར་ན། ནང་ཆོས་ལ་དད་པ་མེད་མཁན་གྱི་མི་ཞིག་ཡིན་ནའང་ཚད་མ་རིག་པ་དང་། སེམས་ཁམས་རིག་པ། ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ཆོས་དད་མེད་མཁན་ཞིག་ཡིན་ནའང་སློབ་སྦྱོང་བྱེད་ན་རྣམ་དཔྱོད་འཕེལ་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་འདུག འདི་ག་མངའ་རིས་གྲྭ་ཚང་ལ་ཆ་བཞག་ན། དེ་སྔ་ནས་སློབ་གཉེར་ཡོད་པ་རེད། ད་ལྟ་ཡིན་ནའང་ཁྱེད་རང་ཚོས་སློབ་གཉེར་བྱེད་བཞིན་ཡོད་སྟབས། ཡུལ་མི་ཚོས་དོ་སྣང་བྱས་ན་དུས་ནས་དུས་སུ་ཁོང་ཚོར་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་སོགས་སྔོན་ལ་བློ་རིག་གི་རྣམ་གཞག་འཁྲིད་པ་ཡིན་ན་སེམས་ཁམས་རིག་པ་ཆགས་ཀྱི་ཡོད། བློ་རིག་དང་རྟགས་རིག་གི་སྡོམ་ཞིག་ཡོད་པ་རེད།
བློ་རིག་རྣམ་གཞག་བཤད་པ་ལ། །ཡུལ་ཅན་བློ་དང་ཡུལ་གཉིས་ལས། །སྤྱིར་ན་ཡུལ་ཅན་གྱི་མཚན་ཉིད། །རང་ཡུལ་ཅི་རིགས་ལྡན་པ་ཡི། །དངོས་པོ་དེ་ཡིན་དབྱེ་བ་ནི། །གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ། །རྗོད་བྱེད་སྒྲ་ཀུན་དང་པོ་དང་། ། ཤེས་པ་ཐམས་ཅད་གཉིས་པ་དང་། ། གང་ཟག་མཐའ་དག་གསུམ་པ་ཡིན། །ཞེས་པའི་བློ་རིག་དང་རྟགས་རིག་གི་སྡོམ་ངོས་རང་ཆུང་དུས་སྐབས་བློར་འཛིན་པ་རེད། བློ་རིག་གི་སྡོམ་འདི་ཧ་ཅང་ཡག་པོ་འདུག
དེའི་ཐོག་ནས་སེམས་ཁམས་རིག་པ་འཁྲིད་ཐུབ་ཀྱི་རེད། མང་ཚོགས་ལ་བློ་རིག་གི་ཐོག་ནས་སེམས་ཁམས་རིག་པའི་སྐོར་ཕྲན་བུ་བཤད་རྒྱུ་བྱུང་ན་ད་ལྟ་རིགས་ལམ་ཐོག་ནས་ཁྱབ་དང་མ་ཁྱབ་སྐོར་སྐད་ཆ་བཤད་རྒྱུ་འདི་རེད། དེ་འདྲའི་ཐོག་ནས་མར་འཁྲིད་ཐུབ་ན་མང་ཚོགས་ཀྱིས་ནང་པའི་ཆོས་ཀྱི་ཤེས་ཚད་བཟང་དུ་འགྲོ་རྒྱུ་དང་། ཚད་མ་རིག་པ་དང་འབྲེལ་ནས་འགྲེལ་བཤད་ཕྲན་བུ་བརྒྱབ་པ་དང་། བློ་རིག་གི་རྣམ་གཞག་སྐོར་དེ་འདྲ་བཤད་པ་ཡིན་ན། ཆོས་དད་མེད་མཁན་ཚོ་ཡིན་ནའང་ཕན་ཐོགས་ཡོང་བ། དེ་ནས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་བྱུང་ན། དེ་ཚོའི་གྲས་ཧ་ཅང་གལ་ཆེན་པོ་རེད་འདུག ངོས་ཀྱིས་གདན་ས་ཁག་གི་མཁན་པོ་དགེ་བཤེས་རྣམ་པས་བོད་མིའི་གཞིས་ཆགས་ཁག་གི་གཞིས་མི་ཚོ་ལའང་དུས་ནས་དུས་སུ་ནང་ཆོས་ངོ་སྤྲོད་དང་སློབ་ཁྲིད་བྱེད་ཐུབ་ན་ཞེས་འབོད་སྐུལ་བྱེད་པ་རེད། གཞིས་ཆགས་ཁག་ཁ་ཤས་ལ་མི་སྐྱ་ཚོས་རྟགས་གསལ་བཏང་བ་དེ་འདྲ་འགོ་འཛུགས་བཞིན་ཡོད། དེར་བརྟེན་འདི་ག་ས་གནས་སུ་ཆ་བཞག་པ་ཡིན་ནའང་མངའ་རིས་གྲྭ་ཚང་གི་དགོན་པ་ཡོད་སྟབས། དུས་ནས་དུས་སུ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དང་འབྲེལ་ནས་རིགས་ལམ་ཕྲན་བུ་བསླབ་ཐུབ་པ་བྱུང་ན། སྤྱིར་རྣམ་དཔྱོད་འཕེལ་རྒྱུ་དང་། ༼ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འགྲོ་བཞིན་ཡོད་སྐོར་སྙན་སེང་ཞུས་པར་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བཀའ་སྩལ།༽ དེ་ཡང་ནང་པར་བསྒྱུར་རྒྱུའི་སྐད་ཆ་མ་རེད། ཤེས་སོང་ངམ།
ངོས་ཀྱིས་ནམ་རྒྱུན་ཆོས་ལུགས་མི་འདྲ་བ་ཡོད་པའི་ནང་ནས་ནང་པ་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད། ཆོས་འདི་སོ་སོའི་ཁམས་དང་མོས་པར་བསྟུན་ནས་འགྲོ་རྒྱུ་མ་གཏོགས་མི་གཅིག་གིས་ཆོས་འདི་ཡག་ཤོས་རེད། ཅེས་ནམ་ཡང་བརྗོད་ཐུབ་རྒྱུ་མེད། དཔེར་ན། སེམས་ཙམ་པའི་ལྟ་གྲུབ་སེམས་རགས་པ་ཡོད་པ་དེ་ལ་སེམས་ཙམ་པའི་ལྟ་བ་མཆོག་ཏུ་གྱུར་བ་རེད། ལྟ་གྲུབ་ཀྱི་ཐོག་ནས་བཤད་པ་ཡིན་ན་ནང་ཆོས་དང་དེའི་ནང་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འདི་རྒྱས་ཤོས་དང་ཟབ་ཤོས་རེད་འདུག
ངོས་ཀྱིས་ནམ་རྒྱུན་རྗོད་བཞིན་པ་ལྟར། ང་ཚོས་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་རྒྱུ་དང་གོ་བསྡུར་བྱེད་ཐུབ་ཀྱི་ཡོད། གང་ཡིན་ཞེ་ན་རིགས་ལམ་གྱི་ཐོག་ནས་བཤད་ཀྱི་ཡོད། དེ་མིན་གྱི་ཆོས་ལུགས་གཞན་རྣམས་ཚན་རིག་པ་དང་ལྷན་དེ་ཙམ་བཀའ་མོལ་གནང་རྒྱུ་གང་ཡང་མེད། པཱ་ལིའི་ཆོས་བརྒྱུད་འཛིན་པ་གནང་མཁན་ཚོས་ལུང་ཙམ་ལ་སྐྱབས་སུ་མཆི་བ་ཡིན་སྟབས་ཚན་རིག་པ་དང་ལྷན་གོ་བསྡུར་བྱེད་དགོས་བྱུང་ན་ཁག་པོ་རེད། དེར་བརྟེན་ང་ཚོ་བོད་ལ་ཡོད་པ་དེ་ཧ་ཅང་ཟབ་པོ་རེད་འདུག ང་ཚོས་ཆོས་ཁོ་ནའི་སྐད་ཆ་མ་འཛིན་པར་སྤྱིར་བཏང་གི་ཤེས་ཡོན་ནང་འབྲེལ་བ་བྱེད་ཐུབ་པ་ཞིག་དགོས།
ཁྱེད་ཚོས་ད་བར་གནང་བ་རེད་ཧ་ཅང་ཡག་པོ་བྱུང་འདུག དེང་སྐབས་ངོས་ཀྱིས་ནང་པ་ཚང་མ་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་ཞེས་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་གྱི་དབུ་དེར་དབང་རྣོན་ཆོས་ཀྱི་རྗེས་འབྲང་དང་དབང་རྟུལ་དད་པའི་རྗེས་འབྲང་ཞེས་གསུངས་ཡོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་འཁྲིད་སྟངས་འདི་ཧ་ཅང་གལ་ཆེན་པོ་རེད། མཁྱེན་སོང་ངམ། འདི་ལྟར་ཡིན།
ད་བར་ཧུར་ཐག་གནང་འདུག ད་དུང་ཡིན་ནང་ཧུར་ཐག་གནང་ཤོག ཁ་སྔོན་ངོས་ཀྱིས་བླ་མའི་ཡང་སྲིད་དེ་འདྲ་མཇལ་དུས་འདི་ལྟར་རྗོད་ཀྱི་ཡོད། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་འཆད་ཉན་བྱེད་རྒྱུ་མ་གཏོགས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་ཙམ་མེད། ཁྱེད་རང་ཚོས་སློབ་གཉེར་གནང་དགོས་ཞེས་ཁ་སྔོན་ས་སྐྱའི་གདུང་སྲས་སོགས་མཇལ་དུས་ངོས་ཀྱིས་འདི་ཞུས་པ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།།