ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ཉིན་ཨི་ཊ་ལིའི་ Italy མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཝེ་ནི་སིར་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ Venice International Film Festival ཐེངས་ ༧༦ གོ་སྒྲིག་གནང་རྒྱུ་ཡིན་འདུག་ཅིང་། སྐབས་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུ་སླད། མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་མཛད་འཕྲིན་ཁྲོད་ཚན་རིག་ཐོག་ཐུགས་སྣང་ཧ་ཅང་མཛད་པ་དེ་ལ་བརྟེན་ནས་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཇི་བྱུང་དང་། གློག་བརྙན་བཟོ་སྐྲུན་ཞུ་མཁན་རྒྱལ་སྤྱིའི་བུད་མེད་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ལྕམ་ཌོན་གི་ཕོཌ་ Dawn Gifford Engle ལགས་ཡིན་ཞིང་། དེ་ཡང་ཁོང་ནས་གསུང་དོན། “ང་ཚོས་ཐེངས་འདིར་གློག་བརྙན་འདི་ལྟ་བུ་ཞིག་ཆེས་ཐོག་མར་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༧༦ ཐོག་དབུ་འབྱེད་ཞུ་ཐུབ་པར་དགའ་ཚོར་ཧ་ཅང་སྐྱེ་བཞིན་འདུག གློག་བརྙན་འདིའི་ནང་དེ་སྔ་སུས་ཀྱང་མཇལ་མྱོང་མེད་པའི་གནས་ཚུལ་ཁག་གཅིག་བརྙན་པར་བརྒྱུད་གཟིགས་འབུལ་ཞུ་རྒྱུ་ཡིན། ནང་དོན་གཙོ་བོ་ནི་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཚན་རིག་དབར་གྱི་འབྲེལ་བའི་སྐོར་རེད། “ཅེས་གསུངས།
གློག་བརྙན་དེའི་ནང་དུ་ཨ་རིའི་དངོས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཌེ་ཝི་ཌི་བྷུམ་ David Bhom དམ་པ་ལགས་དང་། ཨོ་སི་ཊི་རི་ཡེ་ Austria ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཨེན་ཊོན་ཛེ་ལིངྒར་ Anton Zeilinger ལགས། སྐུ་ཞབས་པོལ་ཨེག་མན་ Dr. Paul Ekman ལགས། ཨ་རིའི་དངོས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཨེ་རོན་བྷེག Aaron Beck ལགས། ཅི་ལི་ Chile ནས་ཡིན་པ་སྐྱེས་དངོས་ཚན་རིག་པ་གྲགས་ཅན་ Francisco Varela ལགས། ཨ་རིའི་དབང་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆཌ་ཌེ་ཝི་ཌི་སན་ Richard Davidson ལགས་སོགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་མཛད་པའི་སྐོར་ཡིན་འདུག དེ་ཡང་གློག་བརྙན་དེའི་སྔོན་འགྲོའི་གསལ་བསྒྲགས་དེ་ཨ་རིའི་ནང་རྟེན་གཞི་བྱས་པའི་ཞི་བདེ་གོང་འཕེལ་ཚོགས་པ་ Peace Jam ཞེས་པས་ཡོངས་གྲགས་གནང་འདུག