ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་མང་བཅས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་ཆར་རྒྱ་གར་ནང་བོད་མིའི་གཞིས་ཆགས་གྲངས་ ༤༥ ཙམ་ཡོད་པ་དང་། གཞིས་ཆགས་དེ་དག་གི་འཚོ་རྟེན་གཙོ་བོ་ནི་སོ་ནམ་འདེབས་ལས་ཡིན། ཕྱི་ལོ་ ༢༠༠༢ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་གཞིས་ཆགས་ཁག་གི་འཚོ་རྟེན་དང་དཔལ་འབྱོར་ཡར་རྒྱས་ལ་དམིགས་ཏེ་སོ་ནམ་འདེབས་ལས་ཐོག་སྲིད་བྱུང་གསར་པ་ཞིག་གཏན་འབེབས་གནང་ཡོད།
གོང་གི་སྲིད་བྱུས་ཀྱི་དགོས་དམིགས་གཞིར་བཟུང་ནང་སྲིད་ལས་ཁུངས་དང་རྒྱ་གར་གྱི་ཁེ་ལས་སློབ་སྟོན་ཚོགས་པ་ M/S PeopleSide Consulting Pvt. Ltd གཉིས་མཉམ་འབྲེལ་གྱིས་བོད་མིའི་གཞིས་ཆགས་ཁག་ ༡༢ ཀྱི་སོ་ནམ་འཕྲུལ་ཆས་དང་ཟབ་སྦྱོང་ཁག་ལ་རྟོག་ཞིབ་གཏིང་ཟབ་གནང་རྗེས། ཆེད་མཁས་པས་ལམ་སྟོན་གནང་བ་གཞིར་བཞག་ཐོག་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༦ ཉིན་འགོ་བཙུགས་ཀྱིས་ཟླ་གྲངས་བདུན་རིང་བོད་མིའི་གཞོན་སྐྱེས་མི་གྲངས་བདུན་ལ་རྒྱ་གར་ལྷོ་ཕྱོགས་པུ་ནེ་ Pune གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Samarth Group of Institution ཞེས་པའི་སྦྱོང་བརྡར་ཁང་དུ་སོ་ནམ་འཕྲུལ་ཆས་དང་བཅོས་སྒྲིག་ཐོག་ཆེད་ལས་སྦྱོང་བརྡར་གྱི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། སྦྱོང་བརྡར་དབུ་འབྱེད་མཛད་སྒོའི་སྐབས་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་བརྙན་འཕྲིན་བརྒྱུད་སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ལམ་སྟོན་གསུང་བཤད་གནང་ཡོད། Samarth Group of Institution ཞེས་པའི་སློབ་གཉེར་ཁང་གི་དྲུང་ཆེ་སྐུ་ཞབས་ཝི་ཝེ་ཀི་ Vivek Vasantrao Shelake ལགས་ཀྱིས་མཉམ་ཞུགས་གནང་མཁན་ཚོར་རིན་ཐང་ལྡན་པའི་ལམ་སྟོན་གསུང་བཤད་གནང་ཡོད།
མཛད་སྒོའི་སྟེང་ M/S PeopleSide Consulting Pvt. Ltd ཞེས་པའི་ཁེ་ལས་སློབ་སྟོན་ཚོགས་པའི་སློབ་སྟོན་པ་གཙོ་བོ་སྐུ་ཞབས་ན་རན་དི་ར་ Mr. Narendra Karale ལགས་དང་། Samarth Group of Institution སློབ་གཉེར་ཁང་གི་དྲུང་ཆེ་སྐུ་ཞབས་ཝི་ཝེ་ཀི་ Vivek Vasantrao Shelake ལགས། སྦྱོང་བརྡར་ནང་མཉམ་ཞུགས་བྱེད་མཁན་བཅས་ཕེབས་ཡོད། ནང་སྲིད་ལས་ཁུངས་ནས་ཐེངས་འདིའི་ལས་གཞིའི་ཆེད་དཔལ་འབྱོར་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་USAID ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །