ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༩ རེས་གཟའ་ཕུརབུ།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སྔོན་དགེའི་ཆེད་ལས་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་གནང་འདུག
དེ་ཡང་ཟབ་སྦྱོང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཡིད་དགའ་ཆོས་གླིང་ཚོགས་ཁང་དུ་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་འགོ་འཛུགས་ཀྱིས་ཕྱི་ཚེས་ ༣༠ བར་ཉིན་གྲངས་དགུའི་རིང་རྒྱ་གར་དབུས་དང་ལྷོ་ཕྱོགས་ཁུལ་དུ་རྟེན་གཞི་བྱས་པའི་སཾ་བྷོ་ཊ་དང་། བོད་ཁྱིམ། སེ་ར་སྨད་བཅས་ཀྱི་སློབ་གྲྭའི་སྔོན་འགྲོའི་དགེ་རྒན་གྲྭངས་ ༣༣ ལ་ཟབ་འཁྲིད་གནང་རྒྱུ་ཡིན་འདུག
རྒྱལ་སྤྱིའི་ཐོག་ངོས་འཛིན་ཆེན་པོ་ཡོད་པའི་མོན་ཊེ་སོ་རིའི་ལྟ་གྲུབ་ཀྱི་སྔོན་འགྲོའི་དགེ་རྒན་གྱི་ཆེད་ལས་ཟབ་སྦྱོང་འདི་བཞིན་སློབ་ཁྲིད་གནང་མཁན་གཙོ་བོ་བོད་པའི་བུད་མེད་ལྷ་མོ་སྤེན་པ་ལགས་ཡིན་པ་དང་། ལྷ་མོ་ལགས་ཀྱིས་རིན་འབབ་གང་ཡང་མ་ཞུ་བའི་ཐོག་ནས་ཟབ་ཁྲིད་གནང་བཞིན་ཡོད།
ཐེངས་འདིའི་ཟབ་སྦྱོང་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལོ་ལྟར་སྔོན་འགྲོའི་དགེ་རྒན་རྣམས་ལ་སྦྱོང་བརྡར་ཕུལ་བཞིན་པའི་ནང་ནས་གལ་ཆེ་ཤོས་གཅིག་ཆགས་ཀྱི་ཡོད། ཟབ་སྦྱོང་སྐབས་མོན་ཊེ་སོ་རིའི་ཤེས་ཡོན་དང་། རྣམ་བཞག ལག་བསྟར་དངོས། དེ་བཞིན་མིའི་འཚར་ལོངས་སྤྱི་དང་། ལྷག་པར་བྱིས་པའི་ཀླད་པའི་འཚར་ལོངས་། ཕྲུ་གུའི་ཕྱོགས་ཡོངས་ཀྱི་འཚར་ལོངས་དང་། སྤྱོད་ལམ་འཁྱེར་ཕྱོགས། མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་ཁོར་ཡུག་བསྐྲུན་ཕྱོགས་སོགས་ཀྱི་སྐོར་ལ་སློབ་ཁྲིད་ལམ་སྟོན་གནང་གི་ཡོད་པ་བཅས།།