ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་སྦི་ཡའི་སློབ་གྲྭ་ཁག་གི་དགེ་རྒན་སོགས་ཤེས་ཡོན་སློབ་ཁྲིད་པ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་གྱི་ཟབ་སྦྱོང་དེ་ཡོངས་སུ་ལེགས་པར་གྲུབ་ཡོད།
དེ་ཡང་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་ཁང་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཟབ་སྦྱོང་དེ་བཞིན་ཡུལ་དེའི་གྲོང་ཁྱེར་ Tulua ཟེར་བའི་ནང་ཟླ་བ་འདིའི་ཕྱི་ཚེས་ ༢༠ ནས་ ༢༢ བར་བསྐོང་ཚོགས་གནང་ཡོད་པ་དང་། ལས་རིམ་དེའི་ཐོག་གཞུང་གི་སློབ་གྲྭ་ཁག་ལྔ་ནས་དགེ་ལས་གྲངས་ ༡༤༠ དང་། སྒེར་གཉེར་སློབ་གྲྭའི་དགེ་ལས་གྲངས་ ༢༥ བཅས་ཁྱོན་བསྡོམས་མི་གྲངས་ ༡༦༥ མཉམ་ཞུགས་གནང་ཡོད།
ཟབ་སྦྱོང་ལས་རིམ་འདི་བཞིན་ Tulua གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཤེས་ཡོན་དྲུང་ཆེ་དང་། Levapan Foundation ཞེས་པའི་ཐེབས་རྩ་བཅས་མཉམ་རུབ་ཐོག་གོ་སྒྲིག་གནང་ཡོད་པ་དང་། མཐུན་འགྱུར་གནང་མཁན་ནི་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་དང་། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་འབྲེལ་ཡོད་ཚན་པ་བཅས་ཡིན། ལས་རིམ་འདི་བཞིན་ཕན་ནུས་ཆེན་པོ་ཡོང་ཐབས་སུ་སྐད་ཡིག་འདྲ་མིན་ཐོག་ཐད་ཀར་སྐད་བསྒྱུར་ཡང་གོ་སྒྲིག་ཞུས་ཡོད།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་བསླབ་གཞི་འདི་བཞིན་སྔོན་འགྲོའི་ཚུལ་དུ་ཐོག་མར་འདི་ལོའི་རིང་གཞུང་གི་སློབ་གྲྭ་ཁག་དྲུག་ལ་ལག་བསྟར་གནང་རྒྱུ་ཡིན་ཞིང་། རིམ་པས་ལོ་རྗེས་མར་གཞུང་གི་སློབ་གྲྭ་དེ་ལས་མང་བར་རྒྱ་སྐྱེད་གནང་རྒྱུ་རེད་འདུག
སྤྱིར་ལོ་འདིའི་ནང་ལྷོ་ཨ་རིའི་རྒྱལ་ཁབ་ཁག་གསུམ་སྟེ་ཅི་ལི་ Chile དང་བྷར་ཛིལ། Brazil ཀོ་ལོམ་སྦི་ཡ། Colombia བཅས་སུ་ཕྱི་ཟླ་ ༥ དང་། ཕྱི་ཟླ་ ༨ བཅས་སོ་སོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ལས་རིམ་འདི་ཚོགས་ཡོད་པ་བཅས། །