ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༦ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་སྦྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོ་གཟབ་རྒྱས་ངང་བསྐོོང་ཚོགས་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ། གཞན་ཡང་རྒྱ་གར་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཚོགས་བཅར་བ་བོད་མི་གཞོན་སྐྱེས་གྲངས་བརྒྱ་དང་གཏམ་བཤད་གནང་མཁན་གྲངས་ཉི་ཤུ་བཅས་མཉམ་ཞུགས་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་། དེ་རྗེས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་འབྲེལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
སྐུ་མགྲོན་རྣམ་པ་ཚོར་ངས་བཀའ་ཤག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྔ་དང་ལྔ་བཅུའི་འཆར་སྣང་ཇི་ལྟར་སླེབས་པ་རེད་ཟེར་ན། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྲིད་སྐྱོང་ནས་མཇའ་ཁ་ཞུས་པའི་སྐབས། མགོན་པོ་གང་ཉིད་མཆོག་གིས་བཀའ་འདི་ལྟར་ཕེབས་བྱུང་། མི་མང་གིས་ཁྱེད་རང་འགོ་ཁྲིད་བདམས་ཡོད། ངོས་རང་མེད་པ་ནང་བཞིན་འཆར་གཞི་བཏིང་ནས་འགྲོ་དགོས་ཞེས་བཀའ་ལྕི་པོ་སྩལ་བྱུང་། སྐབས་དེ་དུས་ང་རང་ཧང་སང་སོང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་མེད་པ་ནང་བཞིན་འཆར་གཞི་བཏིང་ནས་འགྲོ་དགོས་ཞེས་བཀའ་ཐེངས་གསུམ་ཙམ་ཕེབས་སྟབས། ཕྱི་ལོ་ ༢༠༡༡ ལོར་བཀའ་ཤག་ལྷན་རྒྱས་ལ་གོ་བསྡུར་ཞུས་ཏེ་ལྔ་དང་ལྔ་བཅུའི་འཆར་སྣང་གཏན་འབེབས་བྱས་པ་རེད། ལྔ་དང་ལྔ་བཅུའི་འཆར་སྣང་ཡོང་སྟངས་དེ་ལྟར་རེད།
གཞན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་རེ་བ་བཟང་ས་ནས་རྒྱག་དགོས། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བཀའ་ཕེབས་ཀྱི་ཡོད། ལྔ་དང་ལྔ་བཅུའི་འཆར་སྣང་དགོས་པ་དམིགས་ཡུལ་གཙོ་བོ་ནི། དབུ་མའི་ལམ་གཞིར་བཞག་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་ལྷན་དུ་གྲོས་མོལ་བརྒྱུད་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱེད་རྒྱུ་དེ་ཡིན། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་བགྲོ་གླེང་གི་གནས་བབས་མཐོ་རུ་ཕྱིན་ཡོད། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ལ་མཉམ་ཞུགས་བྱེད་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཐེངས་འདིའི་ཚོགས་བཅར་བ་བརྒྱ་ཡི་ནང་ནས་གཞོན་སྐྱེས་འགོ་ཁྲིད་རྩེ་ཕུད་ལྔ་བདམ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་དོན། འདིར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ཚོགས་ཆེན་དུ་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དོན་ངོ་མ་ནི། མ་འོངས་པའི་སྒྲིག་འཛུགས་དང་། འཛིན་སྐྱོང་སྤེལ་གསུམ། རང་དབང་འཐབ་རྩོད་ཀྱི་ལས་འགན་དེ་རང་བཞིན་གྱི་ཚོགས་བཅར་བ་ཡོངས་ལ་འགན་ཡོད། མ་འོངས་པའི་མདུན་ལམ་ཇི་ལྟར་བཟོ་དགོས་མིན་ཐད་འདས་པའི་ལོ་རྒྱུས་ཀྱི་གནས་སྟངས་སྐོར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཕྱི་ལོ་ ༡༩༦༠ སྐབས་བོད་ཀྱི་རྩ་དོན་དེ་འཛམ་གླིང་སྟེང་བརླགས་པ་རེད། ཅེས་གསུང་གི་ཡོད། འོན་ཀྱང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མི་ཐོག་རྒན་པ་རྣམས་ནས་སྐུ་ལས་བསྐྱོན་པར་བརྟེན་འཛམ་གླིང་སྟེང་བོད་ཀྱི་གནད་དོན་དེ་ནམ་ཡང་སུབ་ཐབས་མེད་པ་ཞིག་ཆགས་ཡོད། ལྔ་དང་ལྔ་བཅུ་ཞེས་པ་ནི། ཉེ་ན་ལོ་ལྔ་དང་རིང་ན་ལོ་ལྔ་བཅུའི་ནང་བོད་དོན་བདེན་མཐའ་གསལ་ཐུབ་ཐབས་བྱ་རྒྱུ་དེ་རེད། དེའི་ནང་ཚུད་གང་ཡང་ཡོང་སྲིད་པ་རེད། བོད་རྒྱ་འབྲེལ་མོལ་རྒྱུན་མཐུད་ཐུབ་པ་ཇི་ལྟར་བཟོ་དགོས། བོད་མིའི་སྒྲིག་འཛུགས་ཙམ་མིན་པར་བོད་མི་མི་རེ་ངོ་རེས་མཐུད་ཇི་ལྟར་རྒྱག་དགོས། གནད་དོན་དེ་དག་ཐོག་བསམ་བློ་གཏང་དགོས། ༸རྒྱལ་བ་རིན་པོ་ཆེས་དུས་རབས་ ༢༡ ནང་པ་བྱེད་དགོས་སྐོར་བཀའ་སློབ་སྩལ་བ་དེ་དག་ངའི་བསམ་པར་བོད་མི་ཚོར་དགོངས་ནས་ཡིན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་
ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། ཕྱི་སྡོད་བོད་རིགས་ན་གཞོན་སོགས་ཀྱིས་བོད་ཀྱི་སྐད་ཡིག་ལ་ངེས་པར་དོ་སྣང་གནང་དགོས་པ་དང་། ལྷག་པར་ཕྱི་རྒྱལ་གནས་སྡོད་ཕ་མ་ཚོས་རང་གི་ཕྲུ་གུ་དེ་བོད་མི་གཤའ་མ་ཞིག་བཟོ་བར་འགན་ཡོད་སྟབས། མ་འོངས་པར་ཕྲུ་གུ་དེ་བོད་པའི་སྤྱི་ཚོགས་ཁྲོད་མ་ཚུད་པའི་བོད་མི་ཞིག་ཆགས་པ་ཡིན་ན་རང་གི་ཕ་མའི་དྲིན་ཆེན་དེ་དྲིན་ཆུང་དུ་འགྲོ་ཉེན་ཡོད་སྐོར་སོགས་གསུངས།
དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད། སྤྱིར་ཉིན་གྲངས་བཞིའི་ལྷན་ཚོགས་སྐབས་གནད་དོན་གཙོ་བོ་བཞི་སྟེ། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་སྲ་བརྟན། དོན་ཕན་ལྡན་པའི་གྲོས་མོལ་བསྐྲུན་ཐབས། ༢༽ བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་མཉམ་ཞུགས། ༣༽ བོད་མིའི་རང་དབང་འཐབ་རྩོད་ཐོག་ན་གཞོོན་རྣམས་ཀྱི་ལས་འགན། ཡིག་ངག་གཉིས་ཐོག་འབྲེལ་ལམ། དེ་བཞིན་ཞུ་གཏུག་དང་རྒྱལ་སྤྱིའི་འབྲེལ་ལམ། ༤༽ ལྔ་དང་ལྔ་བཅུའི་འཆར་སྣང་ཐད་བོད་མིའི་སྒྲིག་འཛུགགས་ཀྱི་དབུ་ཁྲིད་ནས་འགན་འཁུར་བཞེས་ཕྱོགས་དང་། འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས། ནུས་པ་མཉམ་སྤུངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་སྦྱངས་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།