ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཁྱབ་ཁོངས་བོད་མིའི་མདུན་ལམ་སློབ་སྟོན་ཚན་པས་ན་གཞོན་གྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས་སུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་བཅས་སུ་ཕ་མ་སློབ་ཕྲུག་དང་བཅས་པར་མདུན་ལམ་སློབ་སྟོན་དང་ལས་ཀའི་གོ་སྐབས་སྐོར་གོ་རྟོགས་ལས་རིམ་ཞིག་སྤེལ་གནང་འདུག
དེ་ཡང་ལས་རིམ་འདི་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༡༤ ནས་ ༡༩ བར་གནང་བ་དང་། ཟབ་སྦྱོང་སྐབས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ Upside-Down Dance Studio ཞེས་པའི་དེང་དུས་ཞབས་བྲོ་ཁང་གསར་འཛུགས་གནང་མཁན་དང་སྦྱིན་བདག་བསྟན་འཛིན་མིག་དམར་ལགས་དང་། འོད་ཟེར་མངར་ཟས་སྤྲི་གོར་ཚོང་ཁང་གསར་འཛུགས་གནང་མཁན་དང་སྦྱིན་བདག་རྟེན་འབྲེལ་བཟང་མོ་ལགས་གཉིས་ཀྱིས་རང་རང་སོ་སོའི་ཉམས་མྱོང་ཁག་གསུང་སྟེ་གཞོན་སྐྱེས་ཚོར་སེམས་ཤུགས་སྤར་ཡོད།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ཕ་མའི་ངོས་ནས་ཕྲུ་གུ་རྣམས་ལ་མདུན་ལམ་དང་འབྲེལ་བའི་ཐོག་རོགས་སྐྱོར་གནང་སྟངས་དང་། དེ་བཞིན་བོད་མི་ན་གཞོན་དང་སློབ་ཕྲུག་རྣམས་ལ་མ་འོངས་མདུན་ལམ་སྐོར་གོ་རྟོགས་སྤེལ་ཆེད་རེད་འདུག ཕྱོགས་མཚུངས་ན་གཞོན་ཚོ་ལ་སྤྱི་ཚོགས་སུ་མཁོ་གནད་དང་ལྷག་པར་གོ་སྐབས་ཡག་པོ་ཡོད་པའི་ལག་ཤེས་རིགས་འདྲ་མིན་སྐོར་གོ་རྟོགས་སྤེལ་ཆེད་རེད་འདུག
བོད་མིའི་གཞོན་སྐྱེས་ཚོར་མ་འོངས་མདུན་ལམ་སྐོར་གོ་རྟོགས་སྤེལ་བའི་རྒྱ་གར་ལྷོ་ཕྱོགས་ཀྱི་ལས་རིམ་འདིའི་ནང་སློབ་གྲྭའི་སློབ་ཕྲུག་ཚུད་པའི་གཞོན་སྐྱེས་ཁྱོན་བསྡོམས་ ༤༠༠ མ་ཟིན་ཙམ་མཉམ་ཞུགས་གནང་འདུག་པ་བཅས། །