ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པས་གནས་ཚུལ་གནང་གསལ་ལ། རྒྱ་ནག་གཞུང་གིས་བོད་དཀར་མཛེས་ཁུལ་གྱི་ནང་བསྟན་སློབ་གཉེར་ཁང་ཆེ་གྲས་ཡ་ཆེན་སྒར་ཨོ་རྒྱན་བསམ་གཏན་གླིང་གི་བཙུན་མའི་ཤག་གསུམ་སྟོང་ལྷག་གཏོར་བཤིག་བཏང་རྗེས་ཤུལ་དུ་སྤང་རྩྭ་བཙུགས་ནས་དེའི་ཐོག་འགྱིག་ཤོག་ལྗང་ཁུ་གཡོགས་ནས་བཞག་ཡོད།
དེ་ཡང་འདི་ལོ་ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་གྲྭ་བཙུན་དང་ནང་ཆོས་ཉམས་ལེན་པ་གྲངས་ ༣༥༠༠ ཙམ་ཕྱིར་འབུད་བཏང་ཡོད་པ་དང་། ཟླ་ཤས་རྗེས་རྒྱ་ནག་གཞུང་གིས་གྲྭ་བཙུན་དང་ནང་ཆོས་ཉམས་ལེན་པ་གྲངས་ ༧༠༠༠ ལྷག་ཕྱིར་འབུད་དང་གྲྭ་ཤག་མང་པོ་གཏོར་བཤིག་བཏང་ཡོད།
ཕྱིར་འབུད་བཏང་བའི་བཙུན་མ་རྣམས་ལ་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེ་བཞིན་རྒྱ་གཞུང་གིས་བོད་མིའི་ཕྲུ་གུ་ལོ་ན་ ༡༨ མ་སོན་པར་དགོན་པར་འཛུལ་ཞུགས་དང་དགོན་པའི་ནང་སློབ་སྦྱོང་བྱེད་མི་ཆོག་པ་བཟོས་འདུག་པ་མ་ཟད། བོད་མིའི་ཕྲུ་གུ་ཚོ་སློབ་གྲྭའི་གུང་གསེང་སྐབས་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་ནང་འཛུལ་ཞུགས་བྱེད་མི་ཆོག་པ་བཟོས་འདུག
དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གོང་གི་གནས་ཚུལ་སྐོར་གསུང་དོན། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་སྐད་ཡིག་རང་དབང་ཐོག་དམ་བསྒྲགས་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་རྩ་གཏོར་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་བཏང་སྟེ་གྲྭ་བཙུན་རྣམས་ཕྱིར་འབུད་བཏང་དང་གཏོང་བཞིན་པ་ནི་བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་རེད། ཅེས་དང་།
གཞན་ཡང་རྒྱ་གཞུང་གིས་ཡ་ཆེན་སྒར་ཕལ་ཆེར་ཕྱེད་ཀ་ཙམ་གཏོར་བཤིག་བཏང་ཡོད་པ་དང་། འདི་ནི་བོད་མི་ཙམ་མ་ཟད། བོད་བརྒྱུད་ནང་བསྟན་ཉམས་ལེན་བྱེད་མཁན་རྒྱ་རིགས་ཚོ་དང་འཛམ་གླིང་སྤྱིའི་ཤུལ་དངོས་ལའང་གྱོང་གུན་ཆེན་པོ་ཐེབས་ཡོད། ང་ཚོ་ངོས་ནས་རྒྱ་ནག་གཞུང་ལ་བོད་མིའི་ཆོས་དང་རིག་གཞུང་གི་རིན་ཐང་ལ་བརྩི་བཀུར་བྱེད་རོགས་ཞེས་ལྷག་བསམ་རྣམ་དག་གིས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསུངས། །